ཏུའུ་ཁི་ཡིས་དམ་བཅའ་བཞག་སྟེ་ཁོ་ལོམ་པུ་ཡཱའི་སྐབས་གསར་བའི་ཙུང་ཐུང་གི་འགན་ཁུར།
2018.08.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 49

ཟླ་བརྒྱད་པའི་ཚེས་བདུན་ཉིན། ཁོ་ལོམ་པུ་ཡཱའི་རྒྱལ་ས་པའོ་ཀི་ཏཱ་ནས། ཁོ་ལོམ་པུ་ཡཱའི་གསར་དུ་འགན་ཁུར་བའི་ཙུང་ཐུང་ཏུའུ་ཁི་ལས་འགན་ཁུར་བའི་མཛད་སྒོར་ཞུགས།

ཁོ་ལོམ་པུ་ཡཱའི་གསར་དུ་འགན་ཁུར་བའི་ཙུང་ཐུང་ཏུའུ་ཁི་ཡིས་ཚེས་བདུན་ཉིན་རྒྱལ་ས་པའོ་ཀི་ཏཱའི་གྲོང་ཁྱེར་ལྟེ་གནས་ཀྱི་པའོ་ལེ་ཝ་ཨར་ཐང་ཆེན་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། དུས་ཡུན་ལོ་ངོ་བཞིའི་ཙུང་ཐུང་གི་འགན་ཡུན་དངོས་སུ་མགོ་བརྩམས།
ཏུའུ་ཁི་ཡིས་ལས་འགན་ཁུར་བའི་མཛད་སྒོའི་སྟེང་བསྟན་དོན། སྐབས་གསར་བའི་སྲིད་གཞུང་གིས་ང་ཚོས་མཉམ་དུ་རྒྱལ་ཁབ་འཛུགས་སྐྲུན་དང་མ་འོངས་གསར་སྐྲུན། བར་ཁྱད་མེད་པར་གཏོང་བ། མཐུན་སྒྲིལ་གཅིག་གྱུར་བྱས་ཏེ། རླབས་ཆེན་དང་མཐུན་སྒྲིལ། བདེ་འཇགས་བཅས་ཀྱི་རྒྱལ་ཁབ་ཅིག་སྐྲུན་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།
ཏུའུ་ཁི་ཡིས་ད་རུང་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་གཞན་པ་དག་དང་མཉམ་དུ་སྲིད་གཞུང་དང་ཁོ་ལོམ་པུ་ཡཱའི་ཆེས་ཆེ་བའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་ཁོ་ལོམ་པུ་ཡཱ་མི་རིགས་བཅིངས་འགྲོལ་དམག་བར་གྱི་ཞི་བའི་གྲོས་མོལ་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། ཏུའུ་ཁི་ཡིས་བཤད་རྒྱུར། ཞི་བདེའི་འཕེལ་རིམ་གྱི་སྔོན་འགྲོའི་ཆ་རྐྱེན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལྟ་རྟོག་འོག་ནག་ཉེས་བྱ་འགུལ་ཡོད་ཚད་མཚམས་འཇོག་རྒྱུ་དེ་ཡིན། ང་ཚོས་ཞི་བདེའི་འཕེལ་རིམ་ལ་ཡར་སྐུལ་གཏོང་བར་རེ་བཞིན་ཡོད་ཀྱང་། ཐོག་མར་ཁོ་ལོམ་པུ་ཡཱའི་མང་ཚོགས་ལ་དྲག་ཤུགས་བྱ་འགུལ་གང་རུང་གི་འཇིགས་ཉེན་ཐེབས་སུ་མི་འཇུག་པར་ཁག་ཐེག་བྱེད་དགོས་ཟེར།