ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་ཕྱོགས་ཁག་གིས་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས།
2018.08.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19


ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་དྲག་ཆས་ཕྱོགས་ཁག་གིས་ཚེས་དགུའི་ཉིན་དབྱི་སི་རལ་བར་འཁྲུག་རྩོད་མཚམས་བཞག་པ་ཁྱབ་སྒྲོག་བྱས། སྐོར་ཐེངས་འདིའི་འཁྲུག་རྩོད་ནི་དྲག་ཆས་ཕྱོགས་ཁག་དེ་ལས་མཇུག་སྒྲིལ་བ་དང་། འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་ཐུབ་མིན་དེ་དབྱི་སི་རལ་གྱི་གོམ་རིམ་རྗེས་མའི་བྱ་སྤྱོད་ལ་རག་ལས་ཡོད་ཟེར།
ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་སོ་སོའི་འབྲེལ་འདྲིས་ཟབ་མོ་བྱེད་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་མྱུར་མོར་དོན་དེར་ཟབ་ཞུགས་ཏེ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་རིམ་འཕར་འགུལ་སྐྱོད་ལ་བཀག་འགོག་བྱས་ནས། ས་ཁུལ་དེར་སྔར་ལས་ཆེ་བའི་གཏོར་བརླག་དང་གཏན་འཇགས་མིན་པའི་སྣང་ཚུལ་བསྐྲུན་པར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཞི་བདེ་འཕེལ་རིམ་གྱི་དམིགས་བསལ་མཐུན་སྦྱོར་བ་མུའུ་ལཱ་ཏི་ནོའུ་ཧྥུའུ་ཡིས་ཀྱང་ཚེས་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། གལ་ཏེ་མྱུར་མོར་མིག་སྔའི་འཁྲུག་རྩོད་ལ་བཀག་འགོག་མ་བྱས་ན། གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་སྲིད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཨེ་ཅིབ། འབྲེལ་ཡོད་ཕྱོགས་སོ་སོས་གནས་བབ་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་ཆེད་སྔ་ན་མེད་པའི་འབད་བརྩོན་བྱེད་བཞིན་ཡོད་ཟེར།