དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་དམིགས་འབེན་བརྒྱ་དང་བཞི་བཅུར་འགས་གཏོར་བཏང་།
2018.08.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26


དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་དགུའི་ཉིན་བདེན་དཔང་བྱས་དོན། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཚེས་བརྒྱད་ཉིན་གྱི་དགོང་མོ་ནས་ཚེས་དགུ་ཉིན་གྱི་ཞོགས་པའི་བར་ཅཱ་ཧྲ་ས་ཁུལ་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དམིགས་འབེན་བརྒྱ་དང་བཞི་བཅུ་ལྷག་ལ་འགས་གཏོར་བཏང་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་ནན་གྱིས་བསྟན་དོན། མིག་སྔར་ཅཱ་ཧྲ་ས་ཁུལ་དུ་ས་ངོས་ནས་དཔུང་འཇུག་བྱེད་འདོད་མེད་ཟེར།
དབྱི་སི་རལ་དམག་དཔུང་གི་མགྲིན་ཚབ་པ་ཁང་རོས་ཁི་སི་ཡིས་བཤད་རྒྱུར། ཚེས་བརྒྱད་ཉིན་གྱི་ནམ་གུང་ནས་ཚེས་དགུ་ཉིན་གྱི་ཞོགས་པའི་བར། ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་དྲག་ཆས་མི་སྣས་དབྱི་སི་རལ་གྱི་མངའ་ཁོངས་སུ་མེ་ཤུགས་འཕུར་མདའ་བརྒྱ་དང་ལྔ་བཅུ་ལྷག་གཏོང་འཕེན་བྱས་ཏེ། མི་སེར་དཀྱུས་མ་བདུན་ལ་རྨས་ཕོག དེར་འཁོན་ལན་སློག་ཆེད་དབྱི་སི་རལ་དམག་དཔུང་གིས་འཐབ་འཛིང་གནམ་གྲུ་བཏང་ནས་ཅཱ་ཧྲ་ས་ཁུལ་གྱི་ཧཱ་མཱ་སིའི་དམིགས་འབེན་བརྒྱ་དང་བཞི་བཅུ་ལྷག་ལ་འགས་གཏོར་བཏང་བ་ཡིན་ཟེར།