ཝུའུ་ཙི་པེ་ཁི་སི་ཐན་དང་ཐཱ་ཅི་ཁི་སི་ཐན་གྱིས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་བཀོད།
2018.08.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20


ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡོ་ཡེ་ཧྥུའུ་ཡིས་ཚེས་བཅུ་བདུན་ཉིན་རྒྱལ་ས་ཐཱ་ཧྲི་ཀན་ནས་འཚམས་འདྲིར་ཡོང་བའི་ཐཱ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལཱ་ཧི་མིན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་བཀོད།
མུས་ཨར་ཅི་ཡོ་ཡེ་ཧྥུའུ་དང་ལཱ་ཧི་མིན་གྱིས་ཉིན་དེའི་གྲོས་མོལ་ཁྲོད་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། ས་ཁུལ་བདེ་འཇགས། རིག་གནས་ཁྱབ་ཁོངས་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། དེ་མིན་ཨ་ཧྥུའུ་ཧན་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། གྲོས་མོལ་བྱས་རྗེས་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་བཀོད་དེ་མཉམ་འབྲེལ་གསལ་སྒྲོག་སྤེལ།
མུས་ཨར་ཅི་ཡོ་ཡེ་ཧྥུའུ་ཡིས་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བསྟན་དོན། འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆིངས་ཡིག་བཀོད་པ་ནི་ཝུའུ་ཙི་པེ་ཁི་སི་ཐན་དང་ཐཱ་ཅི་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དུས་རིམ་གསར་བ་ཞིག་ཏུ་སླེབས་པའི་མཚོན་རྟགས་ཡིན་ཟེར། ལཱ་ཧི་མིན་གྱིས་བསྟན་དོན། ཆིངས་ཡིག་དེ་བཀོད་པ་ནི་རྒྱལ་ཁབ་གཉིས་ཀྱིས་བཏོན་པའི་ལོ་རྒྱུས་རང་བཞིན་གྱི་ཆོད་དོན་ཅིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མདུན་ལྗོངས་རྒྱ་ཆེན་པོ་གསར་དུ་བཏོད་ཡོད་ཟེར།
རྒྱལ་ཁབ་གཉིས་ཀྱིས་ཉིན་དེར་ད་རུང་མཉམ་ལས་གྲོས་མཐུན་ཉེར་བདུན་བཀོད། དེའི་ནང་རྒྱལ་ཁབ་གཉིས་ཀྱི་དམག་དོན་ལག་རྩལ་མཉམ་ལས་ཀྱི་གྲོས་མཐུན་འདུས། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ད་རུང་ཝུའུ་ཙི་པེ་ཁི་སི་ཐན་དང་ཐཱ་ཅི་ཁི་སི་ཐན་གྱི་རྒྱལ་མཚམས་ཆིངས་ཡིག་རེ་འགའི་ཆོག་མཆན་ཡི་གེ་བརྗེ་སྤོར་བྱས། དེ་ལས་གཞན་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལས་རིགས་ཀྱིས་ཉིན་དེར་དཔལ་འབྱོར་ཉོ་ཚོང་ཚོང་གཏམ་གྲོས་ཚོགོས་བསྡུས་ཏེ་མེ་སྒོར་དུང་ཕྱུར་གཅིག་ལས་བརྒལ་བའི་མཉམ་ལས་གྲོས་མཐུན་བཀོད་ཡོད། རྒྱལ་ཁབ་གཉིས་ཀྱིས་ཉིས་སྟོང་ཉི་ཤུ་ལོར་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་དེ་ན་ནིང་གི་མེ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བཞི་ནས་མེ་སྒོར་དུང་ཕྱུར་ལྔར་ཇེ་མང་དུ་གཏོང་རྒྱུའི་འཆར་གཞི་ཡོད།