ཁྲའོ་ཞན་གསར་འགྱུར་ལས་རིགས་ཀྱིས་ཐི་ལིང་ཕུའུ་ཡིས་ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བ་ལེགས་བཅོས་བྱེད་པའི་རེ་འདུན་ཇེ་བརྟན་དུ་གཏོང་དགོས་པའི་འབོད་སྐུལ་བཏང་། 
2018.08.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 51


ཁྲའོ་ཞན་ངལ་རྩོལ་གསར་འགྱུར་གྱིས་ཚེས་བཅོ་བརྒྱད་ཉིན་དཔྱད་བརྗོད་པའི་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཨ་མེ་རི་ཁ་རྒྱལ་ནང་གི་ངོ་རྒོལ་སྟོབས་ཤུགས་ཀྱི་དབང་དུ་མི་འགྲོ་བར། མིག་སྔའི་ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བའི་ཛ་དྲག་གི་རྣམ་པ་གཏོར་བ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པར་ཡར་སྐུལ་གཏོང་བའི་ཆོད་སེམས་བརྟན་པོ་བཅངས་ནས་གཅིག་ཆོད་ཀྱི་འགུལ་སྐྱོད་སྤེལ་དགོས་པའི་འབོད་སྐུལ་བཏང་། 

རྩོམ་ཡིག་ལས་བཤད་རྒྱུར། སིང་ག་ཕོར་གྱི་ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པའི་གྲོས་མོལ་སྤེལ་བ་དང་ཁྲའོ་ཞན་དང་ཨ་མེ་རི་ཁའི་མཉམ་འབྲེལ་གསལ་སྒྲོག་སྤེལ་བའི་སྐབས་སུ། འཛམ་གླིང་ཡོངས་ཀྱིས་དེར་དགའ་འབོད་བྱེད་བཞིན་ཡོད་ཀྱང་། ཟླ་ངོ་གཉིས་ལྷག་གི་རྗེས་ཀྱི་ད་ལྟ་ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བ་དེ་ཛ་དྲག་གི་གནས་སུ་ལྷུང་ཡོད་ལ། དེས་འཛམ་གླིང་ཡོངས་ཀྱི་མི་རྣམས་ཀྱི་རེ་སྒུག་དང་རེ་བ་དེ་འཕང་སེམས་དང་ཡིད་ཆད་དུ་གྱུར་ཡོད། ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བར་འཕེལ་རྒྱས་མེད་པའི་གཞི་རྩའི་རྒྱུ་རྐྱེན་ནི་ཨ་མེ་རི་ཁའི་རྒྱལ་ནང་གི་ཆབ་སྲིད་འཐབ་རྩོད་ཀྱི་ཤུགས་རྐྱེན་ངན་པས་རེད་ཟེར། 

རྩོམ་ཡིག་ལས་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་ནང་གི་ངོ་རྒོལ་སྟོབས་ཤུགས་ཀྱིས་སྨྱན་བྱད་བརྒྱུད་དེ་ཁྲའོ་ཞན་ལ་གསང་བའི་ཉིང་རྡུལ་སྒྲིག་ཆས་ཡོད་པ་སོགས་ཀྱི་འཆལ་གཏམ་སྤེལ་ནས། ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་འདོད་བློར་ཡིད་རྟོན་མེད་པའི་སྣང་ཚུལ་བསྐྲུན་པར་མ་ཟད། དེ་ལ་བརྟེན་ནས་ཨ་མེ་རི་ཁའི་ཁྲའོ་ཞན་བར་གྱི་གྲོས་མོལ་ཚོགས་ཁག་ལ་གནོན་ཤུགས་བྱིན་ཏེ། ཁྲའོ་ཞན་དང་ཨ་མེ་རི་ཁའི་གྲོས་མོལ་ལ་གཏོར་བརླག་བྱེད་རྩིས་ཡོད་ཟེར། རྩོམ་ཡིག་ལས་དེང་སྐབས་ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བ་ཛ་དྲག་ཏུ་གྱུར་བ་ལས་ཙུང་ཐུང་ཐི་ལིང་ཕུའུ་ཡིས་གཅིག་ཆོད་ཀྱི་ཆོད་དོན་སྤེལ་དགོས་པའི་རེ་བ་བཏོན་ཡོད་ཟེར།