ཨ་ཧྥུའུ་ཧན་གྱི་ཙུང་ཐུང་གིས་ཐཱ་ལེ་པན་བར་ཆ་རྐྱེན་ཡོད་པའི་སྒོ་ནས་ཟླ་གསུམ་ལ་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས། 
2018.08.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34


ཨ་ཧྥུའུ་ཧན་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་དགུའི་ཉིན་བསྒྲགས་པ་ལྟར་ན། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡིས་ཉིན་དེར་ཁྱབ་སྒྲོག་བྱས་དོན། སྲིད་གཞུང་གིས་རྒྱལ་ཁབ་དེའི་ཐཱ་ལེ་པན་རྩ་འཛུགས་བར་ཆ་རྐྱེན་ཡོད་པའི་སྒོ་ནས་ཟླ་ངོ་གསུམ་རིང་འཁྲུག་རྩོད་མཚམས་འཇོག་རྒྱུ་ཡིན་ཟེར། 

ཅཱ་ནེ་ཡིས་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་རྒྱལ་ས་ཁཱ་པོར་དུ་བྱ་འགུལ་ལ་ཞུགས་སྐབས་གོང་གི་རྣམ་འགྱུར་དེ་བསྟན་པ་རེད། ཅཱ་ནེ་ཡིས་བཤད་རྒྱུར། སྲིད་གཞུང་དང་ཐཱ་ལེ་པན་གྱིས་ཆ་རྐྱེན་ཡོད་པའི་སྒོ་ནས་འཁྲུག་རྩོད་མཚམས་འཇོག་རྒྱུ་ཡིན། ཐེངས་འདིའི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ནི་ཟླ་ངོ་གསུམ་ཡིན་ལ། ཐཱ་ལེ་པན་ཕྱོགས་ཀྱིས་ཁས་ལེན་བྱས་རྗེས། ཟླ་འདིའི་ཚེས་ཉི་ཤུ་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་ཟེར། མིག་སྔར་ཐཱ་ལེ་པན་ཕྱོགས་ཀྱིས་ད་རུང་རྣམ་འགྱུར་ཅི་ཡང་བསྟན་མེད། 

དེའི་ཞོར་དུ་ཨ་ཧྥུའུ་ཧན་གྱི་ལས་རིགས་སོ་སོས་ཉིན་དེར་བྱ་འགུལ་སྤེལ་ཏེ་རྒྱལ་ཁབ་རང་བཙན་བྱས་ནས་ལོ་ངོ་གོ་དགུ་འགོར་བར་རྟེན་འབྲེལ་ཞུས། ཅཱ་ནེ་ཡིས་རྒྱལ་ས་ཁཱ་པོར་ནས་རང་བཙན་རྗེས་དྲན་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ་བ་དང་། རྒྱལ་ཁབ་ཀྱི་ཞི་བདེའི་ལས་དོན་གྱི་ཆེད་དུ་རང་སྲོག་བློས་བཏང་བའི་བདེ་འཇགས་མི་སྣར་བླ་མེད་ཀྱི་གུས་འདུད་ཞུས། 

ཨ་ཧྥུའུ་ཧན་གྱི་དབུ་བཞུགས་ལག་བསྟར་དཔོན་པོ་ཨ་པུའུ་ཏུའུ་ལཱ་དང་ཙུང་ཐུང་གཞོན་པ་དང་པོ་ཏུའུ་སི་ཐཱ་མུའུ། སྔོན་ཆད་ཀྱི་ཙུང་ཐུང་ཁཱ་ཨར་ཀྲ་དབྱེ། དེ་མིན་ཆབ་སྲིད་ལས་རིགས་ཀྱི་མི་སྣ་དང་སྲིད་གཞུང་གི་མཐོ་རིམ་དཔོན་པོ། ཕྱི་རྒྱལ་གྱི་གཞུང་ཚབ་པ་སོགས་ཉིན་དེའི་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་དགའ་སྟོན་བྱ་འགུལ་ལ་ཞུགས། 

རང་བཙན་ཉིན་མོའི་འགྲུལ་བཞུད་བདེ་འཇགས་དང་འགྲིམ་འགྲུལ་གནས་ཚུལ་ལ་འགན་སྲུང་བྱེད་ཆེད། ཁཱ་པོར་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གྲོང་ཁུལ་གྱི་གཞུང་ལམ་གཙོ་བོ་དང་ས་ཁོངས་ཀྱི་བདེ་འཇགས་དོགས་ཟོན་བྱ་བར་ཤུགས་སྣོན་བྱས།