ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཐུར་ཁེ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་མེ་མདས་བརྒྱབ་པའི་དོན་རྐྱེན་གྱི་དོགས་ཡོད་ཉེས་ཅན་གཉིས་འཛིན་བཟུང་བྱས། 
2018.08.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37


ཐུར་ཁེའི་ཨན་ཁཱ་ལཱ་ཞིང་ཆེན་སྲིད་གཞུང་གིས་ཚེས་ཉི་ཤུའི་ཉིན་བསྟན་དོན། ཐུར་ཁེ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་མེ་མདས་བརྒྱབ་པའི་དོན་རྐྱེན་ལ་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན་གཉིས་ཉིན་དེར་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་ཟེར། 

ཨན་ཁཱ་ལཱ་ཞིང་ཆེན་སྲིད་གཞུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དོགས་ཡོད་ཉེས་ཅན་གཉིས་པོ་ཐུར་ཁེའི་སྤྱི་དམངས་ཡིན་པ་དང་། སོ་སོར་གཅིག་སྟོང་དགུ་བརྒྱ་དོན་དགུ་ལོ་དང་གཅིག་སྟོང་དགུ་བརྒྱ་བརྒྱད་ཅུའི་ལོར་སྐྱེས་པ་རེད། ཁོ་གཉིས་ཀྱིས་སྔོན་ཆད་ནག་ཉེས་བསགས་མྱོང་བ་དང་། ཁོ་ཚོས་ཐུར་ཁེ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་ནས་མེ་མདས་བརྒྱབ་པའི་བྱ་སྤྱོད་ཁས་ལེན་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་ད་རུང་མེ་མདས་བརྒྱབ་པའི་དོན་རྐྱེན་ཁྲོད་བེད་སྤྱོད་བྱས་པའི་མེ་མདའ་དང་རླངས་འཁོར་ཡང་རྙེད་ཡོད། མིག་སྔར་དོགས་ཡོད་ཉེས་ཅན་གྱི་དམིགས་ཡུལ་ཅི་ཡིན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

ཚེས་ཉི་ཤུ་ཉིན་གྱི་ཞོགས་པའི་དུས་ཚོད་ལྔ་ཡས་མས་སུ། ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱ་རུ་ཡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་དུ་ཐོབ་ཐང་གསལ་བོར་མི་ཤེས་པའི་མི་སྣས་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་། མེ་མདས་བརྒྱབ་པའི་དོན་རྐྱེན་ལས་མི་སྣར་ཤི་རྨས་ཐེབས་མེད།

ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ཁཱ་ལིན་གྱིས་དྲ་ཐོག་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་དེར་རྒོལ་གཏམ་བཏང་བ་དང་། བྱ་སྤྱོད་དེ་ནི་ཟིང་ཆ་བཟོ་འདོད་ཡིན་པ་མངོན་གསལ་རེད་ཟེར། 

ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཐུར་ཁེ་ཕྱོགས་ཀྱིས་བྱེད་ཐབས་སྤྱད་དེ། ཐུར་ཁེ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་དང་དེའི་མི་སྣའི་བདེ་འཇགས་འགན་སྲུང་ལ་ཤུགས་སྣོན་བྱས་ཡོད་ཟེར།