མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་གསུམ་པ་ཚོགས་མགོ་བརྩམས། 
2018.09.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་གསུམ་པ་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད། 

ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་གསུམ་པའི་ཀྲུའུ་ཞི་ཨེ་སི་ཕིས་ནོའུ་སཱ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་གསུམ་པ་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད། 

འདི་ནི་ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་པར་བླངས་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་གསུམ་པ་ཚོགས་མགོ་རྩོམ་པའི་མཛད་སྒོའི་ཡུལ་དངོས་རྣམ་པ་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་གསུམ་པ་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཚོགས་མགོ་བརྩམས། སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་བརྗོད་སྙིང་ནི་མཉམ་འབྲེལ་རྒྱལ་ཚོགས་དང་མི་ཚང་མའི་བར་འབྲེལ་བ་དམ་ཟབ་ཡོད་པར་བྱ་དགོས་ཏེ། འཛམ་གླིང་ཡོངས་ཀྱི་མགོ་ཁྲིད་ནུས་པ་དང་འགན་འཁྲི་བགོ་བ་ལ་བརྟེན་ནས་ཞི་བདེ་དང་འདྲ་མཉམ། རྒྱུན་མཐུད་བཅས་ཀྱི་སྤྱི་ཚོགས་འཛུགས་སྐྲུན་བྱ་དགོས་ཞེས་པ་དེ་ཡིན། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། མི་འགྱངས་པར་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པའི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པ་དང་མཐོ་རིམ་འཐུས་མི་དག་གིས་མཉམ་ལས་ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། འཛམ་གླིང་ཡོངས་ཀྱི་གྲོས་གཞི་གཙོ་བོར་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱ་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་གྲོས་རིམ་མང་བོ་ཡོད་པ་དང་། ཞི་བདེ་སྲུང་འཛིན་དང་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལས་གཞིར་མ་དངུལ་གསོག་པ་དང་། འཛམ་གླིང་ཡོངས་ཀྱི་ན་གཞོན་ལ་དབང་ཆ་སྩོལ་བ། དབུལ་ཕོངས་སེལ་བ། འཁྲུག་རྩོད་ཞི་འཇགས་སུ་གཏོང་བ་སོགས་གྲོས་གཞི་མང་བོར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་རྒྱབ་སྐྱོར་མཁོ་བ་དང་། གྲོས་ཚོགས་ལ་ཞུགས་མཁན་དག་གིས་མཐུན་སྦྱོར་མཉམ་ལས་གང་ལེགས་བྱས་ཏེ་ཐག་གཅོད་ཇུས་གཞི་འགོད་པར་གྲ་སྒྲིག་བྱེད་དགོས་པའི་རེ་བ་བཏོན། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་པ་དང་གནས་སྤོར་སྡོད་དམངས་དང་ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་ཆིངས་ཡིག་ཐེངས་ཉེར་བཞི་བར་བཀོད་པའི་ཕྱོགས་ཁག་སོ་སོའི་གྲོས་ཚོགས་ནས་གྲུབ་འབྲས་ལོན་པ་དང་། འཛམ་གླིང་ཡོངས་ཀྱི་བདེ་འཇགས་དང་གོ་རིམ་ལྡན་པ། རྒྱུན་ལྡན་གྱི་གནས་སྤོར་སྡོད་དམངས་ཀྱི་འཛམ་གླིང་ཧྲིལ་བོའི་ཆིངས་ཡིག་ཐོག་མར་དངོས་སུ་ཆོག་མཆན་ཐོབ་པར་རེ་སྒུག་བྱས་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་གསུམ་པའི་ཀྲུའུ་ཞི་ཨེ་སི་ཕིས་ནོའུ་སཱ་ཡིས་གཏམ་བཤད་སྤེལ་སྐབས་ནན་གྱིས་བསྟན་དོན། ཁོ་མོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་དེའི་རྩ་དོན་བརྩི་སྲུང་གང་ལེགས་བྱས་ཤིང་། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་དེ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་བྱ་བའི་དམིགས་འབེན་གཙོ་བོར་འཇོག་རྒྱུ་ཡིན། མ་འོངས་པའི་ཟླ་ངོ་བཅུ་གཉིས་ནང་། སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་གྲོས་ཆོད་སུམ་བརྒྱ་དང་སུམ་ཅུ་ཐག་གཅོད་བྱེད་རྒྱུ་ཡིན་པ་དང་། ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་ལྷག་སྤེལ་རྒྱུ་ཡིན་ལ། བྱ་བའི་གྲོས་ཚོགས་དང་གྲོས་མོལ་མང་བོ་སྤེལ་ཏེ། གྲོས་གཞི་གཙོ་བོའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་འབྱུང་བར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཞིབ་དང་ལྟ་རྟོག དཔྱད་ཞིབ་བཅས་བྱེད་པའི་ལས་ཁུངས་གཙོ་བོ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་གྲུབ་ཡོད། ཚོགས་ཆེན་དེས་ལོ་རེའི་ཟླ་དགུ་བ་ནས་ཟླ་བཅུ་གཉིས་པའི་བར་རྒྱུན་ལས་གྲོས་ཚོགས་སྤེལ་བཞིན་ཡོད། རྒྱུན་ལས་གྲོས་ཚོགས་དེ་སྤྱིར་བཏང་དུ་དུས་རིམ་གཉིས་སུ་བགོས་ཡོད་དེ། དུས་རིམ་སྔོན་མ་ནི་སྤྱིར་བཏང་རང་བཞིན་གྱི་དཔྱད་གླེང་དུས་རིམ་ཡིན་པ་དང་། དུས་རིམ་རྗེས་མ་ནི་ཚོགས་ཆེན་ནས་གྲོས་གཞི་སྣ་ཚོགས་ལ་གྲོས་ཞིབ་བྱེད་པའི་དུས་རིམ་ཡིན་པ་རེད། 

སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་དེ་ད་ལོའི་ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན་ནས་ཟླ་བཅུ་བའི་ཚེས་གཅིག་ཉིན་བར་སྤེལ་རྒྱུ་རེད།