ཧྥ་རན་སི་ཡིས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་པེ་ཏུའུ་ཡུན་བའི་འདུས་སྡོད་ས་ཁུལ་བཤིག་མི་རུང་བའི་འབོད་སྐུལ་བཏང་། 
2018.09.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15


ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉེར་གཅིག་ཉིན་སྤྱི་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཡེ་ལུའུ་སཱ་ལེམ་ཤར་ངོས་ཀྱི་ཧན་ཨེ་ཧཱ་མེད་ཨར་སྡེ་བའི་ཕཱ་ལེ་སི་ཐན་པེ་ཏུའུ་ཡུན་བའི་འདུས་སྡོད་ས་ཁུལ་བཤིག་མི་རུང་བའི་འབོད་སྐུལ་བཏང་། 

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་ཕེ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་པཱ་སི་གཉིས་ཀྱིས་ཉིན་དེར་ཕཱ་རེ་སི་ནས་གྲོས་མོལ་བྱས། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་དེའི་རྗེས་སུ་སྤྱི་སྒྲོག་སྤེལ་ཏེ། འདུས་སྡོད་ས་ཁུལ་དེ་བཤིག་པ་དང་བཙན་ཤེད་ཀྱིས་སྡོད་དམངས་དག་གནས་སྤོར་དུ་འཇུག་པ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་ལ་རྒྱབ་འགལ་དུ་སོང་ཡོད་ཟེར། མཱ་ཁི་ལུང་གིས་དབྱི་སི་རལ་གྱིས་ཉེ་བའི་ཟླ་ངོ་འགའི་རིང་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་འཛུགས་སྐྲུན་བྱེད་པའི་སྲིད་ཇུས་ལ་ཤུགས་སྣོན་བྱས་པར་རྒོལ་གཏམ་བཏང་། 

སྤྱི་སྒྲོག་ལས་བཤད་རྒྱུར། མཱ་ཁི་ལུང་གིས་གྲོས་མོལ་བྱེད་སྐབས་བསྐྱར་སྒྲོག་བྱས་དོན། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གནད་དོན་གྱི་ཐག་གཅོད་ཇུས་གཞི་ཉག་ཅིག་ཡིན་པ་དང་། ཧྥ་རན་སི་ཡིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་གྲོས་མོལ་བྱེད་པར་ཡར་སྐུལ་གཏོང་རྒྱུ་མ་ཟད། ཕྱི་འབྲེལ་གྱི་རྩོལ་བ་ལ་བརྟེན་ནས་མིག་སྔའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ལེགས་བཅོས་བྱེད་འདོད་ཡོད་ཟེར། 

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གནས་ཚུལ་སྤེལ་ཏེ། མཱ་ཁི་ལུང་དང་ཨ་པཱ་སི་ཡིས་གྲོས་མོལ་བྱས་རྗེས་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སྤེལ་རྩིས་ཡོད་ཀྱང་། དུས་ཚོད་ཀྱི་དབང་གིས་སྒྲོག་སྤེལ་ཚོགས་འདུ་རྩིས་མེད་དུ་བཏང་བ་རེད་ཟེར། 

ཨ་པཱ་སི་ཡིས་གྲོས་མོལ་བྱས་རྗེས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། མཱ་ཁི་ལུང་གིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐད་ནས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་ཁ་པར་གྲོས་མོལ་བྱེད་རྒྱུ་རེད་ཟེར།