རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཚོགས་ཆེན་ནས་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་དང་འབྲེལ་བའི་གྲོས་ཆོད་གསར་བར་གྲོས་འཆམ་བྱུང་། 
2018.09.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31


རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཚོགས་ཆེན་སྐབས་རེ་གཉིས་པ་ཚེས་ཉེར་གཅིག་ཉིན་ཝེ་ཡེ་ནཱ་ནས་གྲོལ། ཚོགས་ཆེན་ནས་ཁྲའོ་ཞན་གནད་དོན་དང་འབྲེལ་བའི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཀྲུང་གོའི་འཐུས་མིས་བསྟན་དོན། གྲོས་ཆོད་དེས་ཆབ་སྲིད་ལ་བརྟེན་ནས་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐག་གཅོད་བྱེད་པར་དྲང་ཕྱོགས་ཀྱི་ནུས་ཚད་ཁ་སྣོན་བྱས་ཡོད་པའི་ཚུལ་བསྟན། 

ཚོགས་ཆེན་ནས་ཚེས་ཉེར་གཅིག་ཉིན་གྲོས་མོལ་བྱས་ཏེ་ཁྲའོ་ཞན་ལ་འགན་སྲུང་ལྟ་རྟོག་ལག་བསྟར་བྱེད་པའི་གྲོས་ཆོད་འཆར་ཟིན་བཀོད། གྲོས་ཆོད་དེ་ལས་ཁྲའོ་ཞན་དང་ཧན་གོ། ཀྲུང་གོ་དང་ཁྲའོ་ཞན། ཨ་མེ་རི་ཁ་དང་ཁྲའོ་ཞན་བཅས་ཀྱི་མགོ་གཙོའི་གྲོས་མོལ་ལ་དགའ་བསུ་ཞུས་པ་དང་། ཁྲའོ་ཞན་གྱིས་ཉེ་སྔོན་ཉིང་རྡུལ་ནུས་པའི་ཚོད་ལྟ་མཚམས་འཇོག་པའི་གསལ་སྒྲོག་སྤེལ་བ་དང་ཧྥུན་ཞི་ལི་ཉིང་རྡུལ་ནུས་པའི་ཚོད་ལྟའི་ར་བ་བསྐྱུར་བ་སོགས་དགའ་འོས་པའི་གནས་ཚུལ་མང་བོ་མཐོང་། འབྲེལ་ཡོད་ཕྱོགས་སོ་སོས་ད་ལོར་བཀོད་པའི་པན་མིན་ཏེན་བསྒྲགས་གཏམ་དང་། ཁྲའོ་ཞན་དང་ཨ་མེ་རི་ཁའི་མཉམ་འབྲེལ་གསལ་སྒྲོག ཟླ་དགུ་བའི་ཕེན་རང་ཐུན་མོང་བསྒྲགས་གཏམ་བཅས་ཀྱི་དམ་བཅའ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར། 

གྲོས་ཆོད་ལས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་ཕྱོགས་དྲུག་གི་གྲོས་མོལ་གྱི་ཟླ་དགུ་བའི་ཚེས་བཅུ་དགུ་ཉིན་གྱི་ཐུན་མོང་གསལ་སྒྲོག་ལག་བསྟར་བྱས་ཏེ། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་ངོ་བོ་རང་བཞིན་གྱི་གྲུབ་འབྲས་ལོན་པར་སྐུལ་འདེད་གཏོང་དགོས་ཟེར།