ཕཱ་ལེ་སི་ཐན་གྱི་མི་གཅིག་དབྱི་སི་རལ་གྱི་དམག་མིས་བསད། 
2018.09.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29


ཕཱ་ལེ་སི་ཐན་གྱི་མི་བརྒྱ་ཕྲག་འགའ་ཡིས་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་ཅཱ་ཧྲའི་མཐའ་མཚམས་ས་ཁུལ་དུ་ངོ་རྒོལ་བྱ་འགུལ་སྤེལ་ཏེ། དབྱི་སི་རལ་གྱི་དམག་མིའི་བར་འཁྲུག་རྩོད་བྱུང་། ཕཱ་ལེ་སི་ཐན་གྱི་ན་གཞོན་གཅིག་ལ་འཁྲུག་རྩོད་ཁྲོད་དབྱི་སི་རལ་གྱི་དམག་མིས་མེ་མདས་བརྒྱབ་སྟེ་བསད། 

ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཅཱ་ཧྲ་ས་ཁུལ་གྱི་མགྲིན་ཚབ་པ་ཁཱ་ཏི་ལཱ་ཡིས་ཉིན་དེའི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་མི་དང་དབྱི་སི་རལ་གྱི་དམག་མིས་ཅཱ་ཧྲ་ས་ཁུལ་བྱང་ཕྱོགས་ཀྱི་དབྱི་སི་རལ་དང་འདབས་འབྲེལ་དུ་ཡོད་པའི་མཐའ་མཚམས་ས་ཁུལ་ནས་འཁྲུག་རྩོད་བྱས། ཕཱ་ལེ་སི་ཐན་གྱི་ལོ་ཉེར་གཅིག་ཅན་གྱི་ན་གཞོན་གཅིག་འཁྲུག་རྩོད་ཁྲོད་དབྱི་སི་རལ་གྱི་དམག་མིས་མེ་མདས་བརྒྱབ་སྟེ་བསད། འཁྲུག་རྩོད་ལས་ད་རུང་ཕཱ་ལེ་སི་ཐན་གྱི་མི་དགུ་བཅུར་རྨས་ཕོག་ཡོད་ཟེར། 

བསྟུད་མར་ཉིན་འགའི་རིང་། ཕཱ་ལེ་སི་ཐན་གྱི་མི་རེ་འགས་ཅཱ་ཧྲ་ས་ཁུལ་གྱི་དབྱི་སི་རལ་དང་འབྲེལ་བའི་མཐའ་མཚམས་ས་ཁུལ་དུ་དགོང་མོར་ངོ་རྒོལ་བྱ་འགུལ་སྤེལ་བཞིན་ཡོད། ཚེས་ཉེར་བཞི་ཉིན་གྱི་དགོང་མོར། ཕཱ་ལེ་སི་ཐན་གྱི་མི་བརྒྱ་ཕྲག་འགའ་ཡིས་ཅཱ་ཧྲ་ས་ཁུལ་བྱང་ངོས་ཀྱི་དབྱི་སི་རལ་དང་འདབས་འབྲེལ་དུ་ཡོད་པའི་མཐའ་མཚམས་ས་ཁུལ་ནས་རླངས་འཁོར་གྱི་རྐྱ་བ་མེར་བསྲེག་པ་དང་དབྱི་སི་རལ་གྱི་དམག་མིར་རྡོ་བས་བརྒྱབ། དབྱི་སི་རལ་གྱི་དམག་མིས་རྔམ་སྟོན་ཁྲོམ་སྐོར་མཁན་ལ་དུད་འཕྱུར་འགད་རྫས་གཏོང་འཕེན་བྱས་པར་མ་ཟད་མེ་མདས་བརྒྱབ་པ་རེད། 

དེ་ལས་གཞན་ཕཱ་ལེ་སི་ཐན་གྱི་མི་རེ་འགས་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་ཅཱ་ཧྲ་ས་ཁུལ་གྱི་མཚོ་ཁོངས་ནས་ངོ་རྒོལ་བྱ་འགུལ་སྤེལ། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། ཉ་གྲུ་ཉི་ཤུ་ལྷག་ཅཱ་ཧྲ་ས་ཁུལ་གྱི་བྱང་ཕྱོགས་མཚོ་ཁོངས་སུ་ཡོང་ནས་དབྱི་སི་རལ་གྱིས་གཏན་འཁེལ་བྱས་པའི་ཅཱ་ཧྲ་ས་ཁུལ་གྱི་ཉ་བདའི་ཉ་འཛིན་ས་ཉེ་འདབས་སུ་ངོ་རྒོལ་བྱ་འགུལ་སྤེལ། དབྱི་སི་རལ་གྱི་དམག་གྲུས་ཉ་གྲུ་ལ་མེ་མདས་བརྒྱབ་པ་དང་ཉ་གྲུ་དག་མཐར་སྐྲོད་བཏང་ཡང་། མི་སྣར་ཤི་རྨས་བཟོས་མེད་ཟེར།