ཁུན་ནེ་ཡཱའི་ནུབ་ཕྱོགས་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར། 
2018.10.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ་བཅུ་བའི་ཚེས་བཅུ་ཉིན། ཁུན་ནེ་ཡཱའི་ཁའེ་ལི་ཅའོ་རྫོང་ནས། རྒུད་སྐྱོབ་མི་སྣས་འགྲིམ་འགྲུལ་དོན་རྐྱེན་བྱུང་སར་རྒུད་སྐྱོབ་བྱ་བ་སྤེལ་བཞིན་པ། 

ཁུན་ནེ་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་ཉིན་བཤད་རྒྱུར། འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ལ་ཉིན་དེར་ཁུན་ནེ་ཡཱའི་ནུབ་ཕྱོགས་ཀྱི་ཁའེ་ལི་ཅའོ་རྫོང་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་བྱུང་སྟེ། ཉུང་མཐར་ཡང་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་བཞིར་རྨས་ཕོག་ཟེར། 

ཁུན་ནེ་ཡཱའི་ལེ་ཀུའུ་ས་ཁུལ་གྱི་ཉེན་རྟོག་དཔོན་པོ་མིན་ཡཱ་མུའུ་པུའུ་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། དོན་རྐྱེན་དེ་ཉིན་དེའི་ཞོགས་པའི་དུས་ཚོད་ལྔ་ཡས་མས་སུ་བྱུང་བ་དང་། མི་ཞེ་གཉིས་དེ་མ་ཐག་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱད་སྨན་ཁང་དུ་བསྐྱལ་རྗེས་མྱུར་སྐྱོབ་བྱས་ཀྱང་ཕན་མ་ཐོགས་པར་འདས་པ་རེད། གཞན་ཡང་མི་བཅུ་བཞིར་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

ཁའེ་ལི་ཅའོ་རྫོང་གི་དཔོན་རྟོག་དཔོན་པོ་མུའུ་ཀི་ལཱ་ཡིས་བཤད་རྒྱུར། འགྲུལ་སྐྱེལ་རླངས་འཁོར་ཆེ་བ་དེ་ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་ནས་ཁུན་ནེ་ཡཱའི་ནུབ་ཕྱོགས་ས་ཁུལ་དུ་བགྲོད་རྩིས་ཡིན་ཡང་། ཐུར་ལམ་ཞིག་བརྒྱུད་སྐབས་ལམ་འགྲམ་དུ་ལྷུང་བ་རེད་ཟེར། ཁོས་བཤད་རྒྱུར། མིག་སྔར་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

ཁུན་ནེ་ཡཱའི་ས་ཁུལ་མང་བོའི་ལམ་དོག་པ་དང་དུས་རྒྱུན་ཞིག་གསོ་མི་བྱེད་པ་དང་། དེའི་ཁར་རླངས་འཁོར་གྱི་གནས་ཚུལ་མི་བཟང་ལ། མྱུར་ཚད་དང་ཐེག་ཚད་ལས་བརྒལ་བ་སོགས་རྒྱུ་རྐྱེན་དབང་གིས་འགྲིམ་འགྲུལ་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད། ཁུན་ནེ་ཡཱའི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་བསྡོམས་རྩིས་བྱས་པ་ལྟར་ན། ལོ་རེར་མི་སྟོང་གསུམ་ཙམ་འགྲིམ་འགྲུལ་དོན་རྐྱེན་ཁྲོད་ཚེ་སྲོག་ཤོར་བཞིན་ཡོད།