ཨ་ཧྥུའུ་ཧན་བྱང་ཕྱོགས་ས་ཁུལ་ནས་འཁྲུག་རྩོད་བྱུང་སྟེ་དམག་མི་བཅུ་བཞི་རྐྱེན་ལམ་དུ་ཤོར། 
2018.10.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21


ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཁོན་ཏུའུ་ཧྲི་ཞིང་ཆེན་གྱི་དཔོན་རིགས་ཀྱིས་ཚེས་བཅུ་གཅིག་ཉིན་བདེན་དཔང་བྱས་དོན། ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་སྐོར་ཞིག་གིས་ཉེ་སྔོན་ཞིང་ཆེན་དེའི་ཁཱ་ལེ་དབྱེ་ཀྲ་ཨར་ས་ཁུལ་ནས་ཉེན་རྟོག་དམག་དཔུང་བར་འཁྲུག་རྩོད་བྱས་པ་དང་། འཁྲུག་རྩོད་དེ་ལས་ཉུང་མཐར་ཡང་ཉེན་རྟོག་དམག་མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་དམག་མི་བཅུ་གཉིས་ལ་རྨས་ཕོག་ཡོད་ཟེར། 

ས་གནས་ཉེན་རྟོག་ཕྱོགས་ཀྱི་འགན་ཁུར་བ་ཨ་ལི་ཡིས་བཤད་རྒྱུར། ཚེས་བཅུ་ཉིན་གྱི་དགོང་མོར་ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་སྐོར་ཞིག་གིས་ས་ཁུལ་དེའི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་གློ་བུར་དུ་འཇབ་རྒོལ་བྱས་པ་དང་། ཞིབ་བཤེར་ས་ཚིགས་སྲུང་བའི་ཉེན་རྟོག་དམག་མིའི་བར་འཁྲུག་རྩོད་བྱས། འཁྲུག་རྩོད་ཁྲོད་ཉུང་མཐར་ཡང་ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་དྲག་ཆས་མི་སྣ་དགུ་ལ་རྨས་ཕོག་ཡོད་ཟེར། 

ས་གནས་ཞིང་ཆེན་གྲོས་ཁང་གི་གྲོས་མི་སཱ་ཏཱ་ཐི་ཡིས་ཀྱང་ཚེས་བཅུ་གཅིག་ཉིན་འཁྲུག་རྩོད་དོན་རྐྱེན་དེ་བདེན་དཔང་བྱས། ཁོས་བསྟན་དོན། ཐཱ་ལེ་པན་དྲག་ཆས་པ་ས་ཁུལ་དེར་སྔར་བཞིན་འགུལ་སྐྱོད་བྱེད་བཞིན་ཡོད་པས། དམག་ཕྱོགས་ཀྱིས་ཐཱ་ལེ་པན་དམིགས་འབེན་དུ་བཟུང་ནས་ཆམ་ཕབ་ཤུགས་ཚད་ཇེ་ཆེར་གཏོང་དགོས་ཟེར།