དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་གྱི་ཧཱ་མཱ་སིའི་སོ་ལྟ་ཁང་ཞིག་ལ་འགས་གཏོར་བཏང་། 
2018.10.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26


དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་ཉིན་དེར་འཐབ་འཛིང་གནམ་གྲུ་མངག་སྟེ་ཅཱ་ཧྲའི་ལྷོ་ཕྱོགས་ཀྱི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་སོ་ལྟ་ཁང་ཞིག་ལ་འགས་གཏོར་བཏང་ཟེར། 

དབྱི་སི་རལ་དམག་ཕྱོགས་ཀྱིས་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ལེ་སི་ཐན་གྱི་མི་གཉིས་ཀྱིས་ཉིན་དེར་ཅཱ་ཧྲའི་ལྷོ་ཕྱོགས་ས་ནས་དབྱི་སི་རལ་དང་འབྲེལ་བའི་མཐའ་མཚམས་ཀྱི་འགོག་སྲུང་བར་གྱང་གི་འགྲམ་དུ་འགད་རྫས་བཞག་པ་དང་། འགད་རྫས་དེ་ཅཱ་ཧྲའི་ཕྱོགས་ནས་འགས་གཏོར་བྱུང་རྗེས། འགོག་སྲུང་བར་གྱང་ལ་གཏོར་བརླག་ཐེབས་ཡོད། དེར་རྒོལ་ལན་སྤྲོད་ཆེད་དབྱི་སི་རལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཧཱ་མཱ་སིའི་ཅཱ་ཧྲའི་ལྷོ་ཕྱོགས་ས་ཁུལ་གྱི་སོ་ལྟ་ཁང་ཞིག་ལ་འགས་གཏོར་བཏང་བ་ཡིན་ཟེར། 

དབྱི་སི་རལ་དམག་དཔུང་གིས་ད་རུང་བཤད་རྒྱུར། ཉིན་དེར་ཕཱ་ལེ་སི་ཐན་གྱི་མི་ཞིག་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་བྱང་ངོས་ཀྱི་པཱ་ཨར་ཁན་བཟོ་ལས་ར་བའི་ཉེ་འདབས་ནས་གྲུ་བཟུང་སྟེ་དབྱི་སི་རལ་གྱི་དམག་མི་ཞིག་ལ་འཇབ་རྒོལ་བྱེད་རྩིས་བྱས་ཀྱང་དབྱི་སི་རལ་གྱི་དམག་མིས་མེ་མདས་བརྒྱབ་ནས་བསད། 

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བཅུ་བཞིའི་ཉིན་ཉེན་བརྡ་བཏང་སྟེ། ཧཱ་མཱ་སི་ཡིས་ངེས་པར་དུ་ཅཱ་ཧྲའི་མཐའ་མཚམས་ས་ཁུལ་གྱི་དྲག་ཤུགས་བྱ་སྤྱོད་མྱུར་དུ་མཚམས་འཇོག་དགོས། གལ་ཏེ་ཧཱ་མཱ་སི་ཡིས་དྲག་ཤུགས་བྱ་སྤྱོད་མཚམས་མ་བཞག་ན། དབྱི་སི་རལ་གྱིས་ཧཱ་མཱ་སི་ལ་རྣམ་པ་མི་འདྲ་བའི་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར། 

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཏང་བའི་ཉེན་བརྡ་དེར་དམིགས་ནས། ཧཱ་མཱ་སི་ཡིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་བཀག་སྡོམ་མེད་པར་གཏོང་དགོས་པ་ལས་ལུགས་མེད་ཀྱིས་འཇིགས་སྐུལ་བྱེད་མི་རུང་། དབྱི་སི་རལ་གྱི་འཇིགས་སྐུལ་དེར་ཕཱ་ལེ་སི་ཐན་མི་དམངས་སྐྲག་མི་སྲིད་ཟེར། ཧཱ་མཱ་སི་ཡིས་བསྟན་དོན། དབྱི་སི་རལ་གྱི་འཇིགས་ཉེན་དེས་ཕཱ་ལེ་སི་ཐན་གྱི་མི་རྣམས་ངོ་རྒོལ་བྱ་འགུལ་ནང་ཞུགས་ཏེ་དྲག་ཆས་ངོ་རྒོལ་བྱེད་པར་སྐུལ་མ་གཏོང་བཞིན་ཡོད་ཟེར།