འཇར་པན་དབུ་བཞུགས་བློན་ཆེན་གྱིས་སང་ལོར་འཆར་གཞི་ལྟར་འཛད་སྤྱོད་ཁྲལ་བསྡུའི་ཚད་ཇེ་མཐོར་གཏོང་རྒྱུ་ཁྱབ་སྒྲོག་བྱས། 
2018.10.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31


འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་བཅོ་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། འཆར་གཞི་ལྟར་དུ་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་བར་འཛད་སྤྱོད་ཁྲལ་བསྡུའི་ཚད་ད་ལྟའི་བརྒྱ་ཆའི་བརྒྱད་ནས་བརྒྱ་ཆའི་བཅུ་རུ་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར། 

ཨན་པའེ་ཅིན་སན་གྱིས་ཉིན་དེར་སྤེལ་བའི་གནས་སྐབས་ནེ་ཀིའི་གྲོས་ཚོགས་སྟེང་འཛད་སྤྱོད་ཁྲལ་བསྡུའི་ཚད་ཇེ་མཐོར་གཏོང་རྒྱུ་དངོས་སུ་ཁྱབ་སྒྲོག་བྱས་པ་དང་། འབྲེལ་ཡོད་སྡེག་ཁག་སོ་སོས་བྱེ་བྲག་གི་ཐབས་ཇུས་བཏོན་ནས། འཛད་སྤྱོད་ཁྲལ་བསྡུའི་ཚད་ཇེ་མཐོར་བཏང་བ་ལས་དཔལ་འབྱོར་ཐད་བཟོ་སྲིད་པའི་ཤུགས་རྐྱེན་མི་ལེགས་པར་ཚོད་འཛིན་བྱེད་དགོས་པའི་རེ་བ་བཏོན། 

དེ་ནི་འཇར་པན་གྱིས་ཉིས་སྟོང་བཅུ་བཞི་ལོའི་ཟླ་བཞི་བར་འཛད་སྤྱོད་ཁྲལ་བསྡུའི་ཚད་བརྒྱ་ཆའི་ལྔ་ནས་བརྒྱ་ཆའི་བརྒྱད་བར་ཇེ་མཐོར་བཏང་རྗེས་ཡང་བསྐྱར་ཁྲལ་བསྡུའི་ཚད་ཇེ་མཐོར་བཏང་བ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ཁྲལ་བསྡུའི་ཚད་འཕར་སྣོན་བྱེད་པ་དེ་གཙོ་བོ་མི་གྲངས་རྒན་རབས་ཅན་དུ་འགྱུར་བ་ལས་ཇེ་མང་དུ་སོང་བའི་སྨན་བཅོས་དང་བདག་སྐྱོང་གྲོན་དངུལ་དང་། བྱིས་པ་སྐྱོང་བའི་གྲོན་དངུལ། རིན་མེད་དུ་སློབ་གསོ་མྱོང་བའི་ཁྱབ་ཁོངས་བཅས་ལ་ཐོག་མར་བཀོལ་རྒྱུ་རེད། 

འཛད་སྤྱོད་ཁྲལ་བསྡུའི་ཚད་ཇེ་མཐོར་བཏང་བ་ལས་འབྱུང་སྲིད་པའི་ཤུགས་རྐྱེན་མི་ལེགས་པའི་ཐད་ནས་འཇར་པན་སྲིད་གཞུང་གིས་ཉིན་རྒྱུན་འཚོ་བའི་མཁོ་དངོས་ཀྱི་ཁྲལ་ཇེ་ཉུང་དུ་གཏོང་བ་དང་ཁ་གསབ་མ་དངུལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་སོགས་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱས་ཡོད། 

འཇར་པན་སྲིད་གཞུང་གིས་ཉིས་སྟོང་བཅུ་གཉིས་ལོ་ནས་བཟུང་སྤྱི་ཚོགས་འགན་སྲུང་དང་ཁྲལ་ལུགས་གཞི་གཅིག་ཅན་གྱི་བཅོས་བསྒྱུར་ལག་བསྟར་བྱས་ཏེ། འཛད་སྤྱོད་གྲོན་དངུལ་དེ་དུས་རིམ་བགོས་ནས་བརྒྱ་ཆའི་བཅུར་ཇེ་མཐོར་གཏོང་རྒྱུ་ཐག་བཅད། དེའི་རྗེས་སུ་ཕྱོགས་སོ་སོས་ཆོད་དོན་དེས་དཔལ་འབྱོར་ཐད་ཤུགས་རྐྱེན་མི་ལེགས་པ་ཐེབས་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད།