ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཞེ་ནེ་དབྱང་གིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས། 
2018.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21


ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཞེ་ནེ་དབྱང་གིས་ཚེས་བཅུ་དྲུག་ཉིན་རྒྱལ་ཡོངས་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཙུང་ལིའི་ལས་འགན་བསྐྱུར་རྒྱུ་ཁྱབ་སྒྲོག་བྱས་པ་དང་། སྔ་སྣུར་སྒོས་སྐབས་གསར་བའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པའི་འབོད་སྐུལ་བཏང་། 

ཕཱ་ཞེ་ནེ་དབྱང་གིས་གཏམ་བཤད་སྤེལ་སྐབས། ཁོས་ལས་ཁུར་དགོངས་ཞུ་བྱེད་པའི་དམིགས་ཡུལ་ནི་སྔ་སྣུར་གྱིས་གྲོས་ཁང་འདེམ་བསྐོའི་བྱ་འགུལ་སྤེལ་ཏེ། རྒྱལ་ཁབ་ཀྱི་དབང་ཤུགས་དེ་མི་དམངས་ལ་སྤྲོད་དུ་འཇུག་པའི་ཆེད་ཡིན་ཟེར། 

བསྒྲགས་པ་ལྟར་ན། ཨེ་མེ་ནི་ཡཱའི་ཙུང་ཐུང་སཱ་ཨར་ཅི་ཞང་གིས་ཉིན་དེར་ཕཱ་ཞེ་ནེ་དབྱང་གི་ལས་ཁུར་དགོངས་ཞུ་དང་ལེན་བྱས། 

ཨེ་མེ་ནི་ཡཱའི་རྩ་ཁྲིམས་ལྟར་ན། ཙུང་ལི་ཡིས་ལས་ཁུར་དགོངས་ཞུ་བྱས་རྗེས། གལ་ཏེ་གྲོས་ཁང་གིས་ཉིན་བཅུ་བཞིའི་ནང་ཙུང་ལི་གསར་བ་བདམས་མ་ཐུབ་ན། གྲོས་ཁང་གཏོར་དགོས་པ་རེད། 

བསྒྲགས་པ་ལྟར་ན། ཨེ་མེ་རི་ཡཱའི་གྲོས་ཁང་དུ་ཏང་ཁག་གཙོ་བོ་བཞི་ཡིས་ཉིན་བཅུ་བཞིའི་ནང་ཙུང་ལི་གསར་བའི་མིང་འདོན་བྱེད་འདོད་མེད་པའི་ཚུལ་བསྟན་ཡོད་ཟེར། 

ཟླ་བཞི་བའི་ཚེས་བཅུ་བདུན་ཉིན། ཨེ་མེ་ནི་ཡཱའི་རྒྱལ་དམངས་གྲོས་ཁང་གི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་ཙུང་ཐུང་གི་ལས་འགན་བསྐྱུར་མ་ཐག་པའི་ཞེ་ཨར་རི་སཱ་ཨར་ཅི་ཞང་ཙུང་ལིར་བསྐོ་འཇོག་བྱས། བསྟུད་མར་ངོ་རྒོལ་བྱ་འགུལ་སྤེལ་བའི་དབང་གིས་ཞེ་ཨར་རི་སཱ་ཨར་ཅི་ཞང་གིས་ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས། ཨེ་མེ་ནི་ཡཱའི་རྒྱལ་དམངས་གྲོས་ཁང་གིས་ཟླ་ལྔ་བའི་ཚེས་བརྒྱད་ཉིན་ངོ་རྒོལ་ཏང་གི་མགོ་ཁྲིད་པ་ཕཱ་ཞེ་ནེ་དབྱང་སྐབས་གསར་བའི་སྲིད་གཞུང་གི་ཙུང་ལི་བསྐོ་འཇོག་བྱས་པ་རེད།