མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་འཕེལ་རྒྱས་རྩ་འཛུགས་ཀྱིས་ཀྲུང་གོའི་དབུལ་ཐར་གྲུབ་འབྲས་ལ་གཟེངས་བསྟོད་བྱས།
2018.10.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19


མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་འཕེལ་རྒྱས་རྩ་འཛུགས་ཀྱིས་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅུ་དགུའི་ཉིན་བར་རོ་མཱ་རུ་ཡོད་པའི་སྤྱི་ཁྱབ་པུའུ་ནས་འཛམ་གླིང་འབྲུ་རིགས་གཟའ་འཁོར་གྱི་བྱ་འགུལ་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ནས་ལྟོགས་སྐོམ་དང་རྣམ་པ་གང་རུང་གི་འཚོ་བཅུད་མི་འདང་བའི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། འབྲུ་རིགས་དང་ཞིང་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་དཔོན་རིགས་ཀྱིས་ཀྲུང་གོ་སོགས་རྒྱལ་ཁབ་ཀྱི་དབུལ་ཐར་དང་ལྟོགས་སྐོམ་གནད་དོན་ཐག་གཅོད་བྱེད་པའི་ཐད་ཀྱི་བྱ་བར་གཟེང་བསྟོད་བྱས།
འབྲུ་རིགས་དང་ཞིང་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཏཱ་ཞེ་ཨར་ཝ་ཡིས་ཚེས་བཅུ་དྲུག་ཉིན་འཛམ་གླིང་འབྲུ་རིགས་ཉིན་མོའི་དགའ་སྟོན་བྱ་འགུལ་སྟེང་ཞུ་ཚིག་འབུལ་སྐབས། ཀྲུང་གོ་དང་པཱ་ཞི། ཕེ་རུ་སོགས་རྒྱལ་ཁབ་ཀྱིས་དུས་ཡུན་ཐུང་ངུའི་ནང་ལྟོགས་སྐོམ་མྱོང་བའི་མི་གྲངས་ལྡབ་འགྱུར་གྱིས་ཇེ་ཉུང་དུ་བཏང་བར་གཟེངས་བསྟོད་བྱས་པ་དང་། དེ་ལས་ཆབ་སྲིད་རེ་འདུན་དང་ནོར་སྲིད་ཀྱི་རྒྱབ་སྐྱོར་ཡོད་ན། ལྟོགས་སྐོམ་མྱོང་མཁན་མེད་པའི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་པ་བདེན་དཔང་བྱས་ཡོད་ཟེར།
ཏཱ་ཞེ་ཨར་ཝ་ཡིས་བསྟན་དོན། ཀྲུང་གོས་དབུལ་ཐར་ཐད་གློག་རྡུལ་ཚོང་དོན་སོགས་གསར་གཏོད་ཀྱི་བྱེད་ཐབས་མང་བོ་བཏོན་པ་དང་། ཞིང་ལས་འཕེལ་རྒྱས་དང་གསར་གཏོད་ཐད་མ་དཔེ་བསྟན་ཡོད་ལ། རིམ་བསགས་ཀྱི་ཕུན་སུམ་ཚོགས་པའི་ཉམས་མྱོང་དང་ལག་རྩལ་གྱིས་རྒྱལ་ཁབ་གཞན་པར་ཉམས་མྱོང་བཟང་བོ་འདོན་སྤྲོད་བྱས་ཡོད། དེའི་ཞོར་དུ་ཀྲུང་གོས་ད་རུང་ཕྱོགས་གཉིས་དང་ཕྱོགས་མང་བོའི་མཉམ་ལས་ལ་བརྟེན་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་པར་རོགས་སྐྱོར་བྱེད་བཞིན་ཡོད་ཟེར།
ད་ལོའི་འཛམ་གླིང་འབྲུ་རིགས་ཉིན་མོའི་བརྗོད་སྙིང་ནི་འགུལ་སྐྱོད་ཀྱིས་མ་འོངས་པ་གསར་གཏོད་བྱེད་པ་སྟེ། ཉིས་སྟོང་སུམ་ཅུ་ལོར་ལྟོགས་སྐོམ་མྱོང་མཁན་གཅིག་ཀྱང་མེད་པ་མངོན་འགྱུར་བྱ་དགོས་ཞེས་པ་དེ་རེད། ལྟོགས་སྐོམ་སེལ་བ་ནི་རང་ཁ་རང་གསོ་ཐུབ་པ་ཙམ་མ་ཡིན་པར། མི་རྣམས་ལ་བདེ་ཐང་དང་ཕན་ནུས་ལྡན་པའི་འཚོ་བར་མཁོ་བའི་འཚོ་བཅུད་འདོན་སྤྲོད་བྱས་ཏེ། རྒྱུན་མཐུད་ཀྱི་ཐབས་ལ་བརྟེན་ནས་བདེ་ཐང་ཟས་རིགས་ཐོན་སྐྱེད་དང་འཛད་སྤྱོད་བྱེད་པ་དེ་ཡིན།