ཙེམ་པབ་ཝེའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་གཉིས་ཐོ་བརྒྱབ་སྟེ་ཉུང་མཐར་ཡང་མི་ཞེ་བདུན་རྐྱེན་ལམ་དུ་ཤོར། 
2018.11.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14


ཙེམ་པབ་ཝེའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བདུན་ཉིན་བསྟན་དོན། རྒྱལ་ཁབ་དེའི་ཤར་ཕྱོགས་ས་ཁུལ་ནས་ཉིན་དེའི་དགོང་མོར་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་གཉིས་ཐོ་བརྒྱབ་སྟེ། ཉུང་མཐར་ཡང་མི་ཞེ་བདུན་རྐྱེན་ལམ་དུ་ཤོར། 

ཙེམ་པབ་ཝེའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ནེ་ཡཱ་ཏིས་ཀྱིས་ཁ་པར་བརྒྱུད་དེ་གསར་འགོད་པར་བཤད་རྒྱུར། དོན་རྐྱེན་དེ་ཤར་ཕྱོགས་ཀྱི་མཱ་ནེ་ཁཱ་ལན་ཞིང་ཆེན་གྱི་ལུའུ་སཱ་ཕའེ་ས་ཁུལ་ནས་བྱུང་བ་དང་། འགྲུལ་བ་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་གཉིས་ཐོ་བརྒྱབ་སྟེ། ཉུང་མཐར་ཡང་མི་ཞེ་བདུན་རྐྱེན་ལམ་དུ་ཤོར་བ་དང་། འདས་པོའི་གྲས་སུ་མི་དར་མ་ཞེ་ལྔ་ཡོད་པ་དང་བྱིས་པ་གཉིས་ཡོད་ཟེར། 

ནེ་ཡཱ་ཏིས་ཀྱིས་བསྟན་དོན། ཉེན་རྟོག་ཕྱོགས་དང་སྨན་བཅོས་མི་སྣས་དོན་རྐྱེན་བྱུང་སར་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་པ་དང་། འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ངེས་རེད་ཟེར། དོན་རྐྱེ་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། 

ཐེངས་འདིའི་འགྲིམ་འགྲུལ་དོན་རྐྱེན་དེ་རྒྱལ་ས་ཧཱ་ལཱ་ལོས་དང་ཤར་ཕྱོགས་ཀྱི་མུའུ་ཐཱ་ལོས་གྲོང་ཁྱེར་གཅིག་ཏུ་སྦྲེལ་བའི་མྱུར་བགྲོད་གཞུང་ལམ་ཞིག་གི་སྟེང་བྱུང་བ་རེད། གསར་འགྱུར་ལས་རིགས་ཀྱིས་སྤེལ་བའི་ཡུལ་དངོས་ཀྱི་འདྲ་པར་ལས་མངོན་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་ཆེ་བ་དེ་གཉིས་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་པ་དང་། འགྲུལ་བའི་དངོས་རྫས་ལམ་ངོས་ཀྱི་གང་སར་འཐོར་ཡོད་པ་རེད།