ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བཅུ་གཉིས་བསད། 
2018.11.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29


ཨ་ཧྥུའུ་ཧན་གསར་འགྱུར་ལས་རིགས་ཀྱིས་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་ཉེ་སྔོན་བྱང་ཕྱོགས་ཀྱི་པཱ་ཀི་ལན་ཞིང་ཆེན་ནས་ཐཱ་ལེ་པན་དྲག་ཆས་པར་དམིགས་པའི་གཙང་ཕྱོགས་འགུལ་སྐྱོད་སྤེལ་ཏེ། ཉུང་མཐར་ཡང་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བཅུ་གཉིས་བསད་ཟེར། 

ཨ་ཧྥུའུ་ཧན་ཕཱ་ཅེ་ཝ་ཁི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐེངས་འདིའི་གཙང་ཕྱགས་འགུལ་སྐྱོད་སྤེལ་ནས་ཉིན་ལྔ་འགོར་བ་དང་། ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་གིས་པཱ་ཀི་ལན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཕུའུ་ལེ་ཧུའུ་མུའུ་ལིའི་ཉེ་འདབས་ནས་ཉུང་མཐར་ཡང་ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་བཅུ་གཉིས་བསད་པ་དང་། དྲག་ཆས་མི་སྣ་བཅུ་གཅིག་ལ་རྨས་ཕོག ཐཱ་ལེ་པན་གྱིས་ཚོད་འཛིན་བྱེད་པའི་སྡེ་བ་ལྔ་ཕྱིར་འཕྲོག་ལེན་བྱས་ཡོད། ཐཱ་ལེ་པན་དྲག་ཆས་རྩ་འཛུགས་ཀྱི་ས་དེའི་སྦས་སྐོང་བྱེད་ས་གཙོ་བོ་ཞིག་གཏོར་བ་དང་། དྲག་ཆས་ཉེས་ཅན་བཞི་འཛིན་བཟུང་བྱས། གཙང་ཕྱགས་འགུལ་སྐྱོད་དེ་མུ་མཐུད་དུ་སྤེལ་བཞིན་ཡོད། 

བསྒྲགས་པ་ལྟར་ན། ཁྱིམ་ཚང་མང་བོ་ཉེ་སྔོན་བདེ་འཇགས་གནས་བབ་ཇེ་སྡུག་ཏུ་སོང་བའི་དབང་གིས་ས་ཁུལ་གཞན་དུ་གནས་སྤར་ཡོད། ཉུང་མཐར་ཡང་མི་སེར་དཀྱུས་མ་བཞི་སྲིད་གཞུང་དམག་དཔུང་དང་ཐཱ་ལེ་པན་གྱི་དྲག་ཆས་པའི་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སེར་དཀྱུས་མ་བཅུ་བཞིར་རྨས་ཕོག་ཡོད་ཟེར། 

འདས་པའི་ཟླ་ངོ་འགའི་ནང་། ཨ་ཧྥུའུ་ཧན་གྱི་སྲིད་གཞུང་དམག་དཔུང་དང་ཐཱ་ལེ་པན་དྲག་ཆས་པས་པཱ་ཀི་ལན་ཞིང་ཆེན་ནས་ཐེངས་མང་བོར་འཁྲུག་རྩོད་བྱས། ད་ལོའི་ཟླ་བརྒྱད་པའི་ཚེས་བཅུ་བཞིའི་ཉིན། ཐཱ་ལེ་པན་གྱི་དྲག་ཆས་པས་པཱ་ཀི་ལན་ཞིང་ཆེན་གྱི་པཱ་ཀི་ལན་མཱ་ཁི་ཨ་ཞི་ས་ཁུལ་གྱི་སྲིད་གཞུང་དམག་དཔུང་གི་དམག་དོན་རྟེན་གཞི་ཞིག་ལ་བསྐོར་བཅོམ་བྱས་ཏེ། ཉུང་མཐར་ཡང་སྲིད་གཞུང་དམག་དཔུང་གི་དམག་མི་དང་ཉེན་རྟོག་པ་ཞེ་ལྔ་རྐྱེན་ལམ་དུ་ཤོར་ཟེར།