ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སོ་གསུམ་པ་དང་ཨེ་ཤ་ཡཱ་ཤར་མའི་མཉམ་ལས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པ་མཇུག་སྒྲིལ།
2018.11.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16


ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སོ་གསུམ་པ་དང་ཨེ་ཤ་ཡཱ་ཤར་མའི་མཉམ་ལས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པ་ཚེས་བཅོ་ལྔ་ཉིན་སིང་ག་ཕོར་ནས་མཇུག་སྒྲིལ། ཕྱོགས་མང་མཉམ་རྒྱལ་དེ་ཐེངས་འདིའི་གྲོས་ཚོགས་རབ་དང་རིམ་པའི་བརྗོད་སྙིང་ཡིན་པ་རེད།
ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་གིས་གྲོས་ཚོགས་མཇུག་སྒྲིལ་བའི་མཛད་སྒོའི་སྟེང་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་འདས་པའི་ལོ་གཅིག་གི་ནང་མཐུན་སྒྲིལ་དང་བཟོད་བསྲན་ཆེ་བ། གསར་གཏོད་རང་བཞིན་ལྡན་པའི་ཕྱོགས་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་ལ། སིང་ག་ཕོར་གྱིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོ་དང་ཕྱི་ཕྱོགས་གྲོགས་པོའི་རྒྱལ་ཁབ་དང་འབད་བརྩོན་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར།
ཁོས་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ཚོགས་པའི་རྒྱུན་མཐུད་འཕེལ་རྒྱས་དང་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། ཤེས་ལྡན་མི་སྣ་དང་ཐོན་ཁུངས་གཅིག་བསྡུས་བྱེད་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་བཏང་སྟེ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་སྒོ་འབྱེད་རང་བཞིན་དང་བཟོད་སྒོམ་རང་བཞིན་སྲུང་འཛིན་བྱ་དགོས་ཟེར།
མཇུག་སྒྲིལ་བའི་མཛད་སྒོའི་སྟེང་། ལིས་ཞན་ལུང་གིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ཐོབ་ཐང་མཚོན་པའི་དབྱུག་ཤིང་དེ་སྐབས་རྗེས་མའི་ཀྲུའུ་ཞིའི་རྒྱལ་ཁབ་ཐེ་གོའི་ཙུང་ལི་པཱ་ཡུས་ལ་སྤྲད།
པཱ་ཡུས་ཀྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཐེ་གོ་ཡིས་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ་མུ་མཐུད་དུ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་ལྡེམ་ཤུགས་དང་གསར་གཏོད་རང་བཞིན་ལྡན་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་ཡར་སྐུལ་བྱེད་རྒྱུ་ཡིན་པ་དང་། ཁྱད་པར་དུ་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་བློ་གྲོས་གྲོང་ཁྱེར་དྲ་རྒྱའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པའི་རྒྱུ་འབྲེལ་རང་བཞིན་དང་རྒྱུན་མཐུད་རང་བཞིན་ལ་ཁག་ཐེག་བྱ་དགོས་པའི་ཚུལ་བསྟན།
པཱ་ཡུས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་སོ་སོས་མཉམ་དུ་བཟོ་ལས་གསར་བརྗེ་ཐེངས་བཞི་བ་ལས་བྱུང་བའི་ལག་རྩལ་གོང་འཕེལ་ལ་བརྟེན་ནས་རང་སྟེང་གི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས་པ་དང་། གནམ་ས་བླ་འོག་བརྗེས་པ་ལྟ་བུའི་ལག་རྩལ་ལས་བྱུང་བའི་ཤུགས་རྐྱེན་ངན་པ་དང་མ་འོངས་པའི་འགྲན་རྩོད་ཁྱད་བསལ་བྱ་དགོས། ཁོངས་གཏོགས་རྒྱལ་ཁབ་བར་དང་གྲོས་མོལ་གྲོགས་པོ་དང་རྒྱལ་སྤྱིའི་སྤྱི་ཚོགས་བར་གྱི་མཉམ་ལས་ལ་ཤུགས་སྣོན་དགོས། བདེ་འཇགས་དང་དཔལ་འབྱོར་སོགས་ཁྱབ་ཁོངས་ནས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་ཤུགས་སྣོན་བྱེད་དགོས་ཟེར།
གྲོས་ཚོགས་སྐབས་སུ་ཕྱོགས་མང་མཉམ་ལས་དང་མཉམ་རྒྱལ་ཀུན་ཕན་དེ་གྲོས་ཚོགས་ཀྱི་བརྗོད་སྙིང་གཙོ་བོར་གྱུར་ཡོད། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བར་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་གྲོགས་པོའི་རྒྱལ་ཁབ་བར་དུ་མཉམ་ལས་ཡིག་ཆ་མང་བོར་གྲོས་འཆམ་བྱུང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བཅུ་ཡིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གློག་རྡུལ་ཚོང་དོན་གྲོས་མཐུན་བཀོད་དེ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་བློ་གྲོས་གྲོང་ཁྱེར་དྲ་རྒྱའི་སྒྲོམ་གཞི་སྤེལ་ནས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བཞིན་ཡོད།