ཁྲའོ་ཞན་གྱི་འཐུས་ཚབ་ཚོགས་པ་ཧན་གོར་སྤེལ་བའི་ཨེ་ཤ་ཡཱ་ཤར་ཞི་བདེ་རྒྱ་མཚོ་ཆེན་མོའི་ཞི་བདེའི་དར་རྒྱས་ཚོགས་ཆེན་ལ་ཞུགས།
2018.11.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29


ཉིས་སྟོང་བཅོ་བརྒྱད་ལོའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཞི་བདེའི་དར་རྒྱས་ལ་ཡར་སྐུལ་གཏོང་བའི་ཚོགས་ཆེན་དེ་ཚེས་བཅུ་དྲུག་ཉིན་ཧན་གོའི་ཅིན་ཅི་ཏའོ་ཀའོ་དབྱང་གྲོང་ཁྱེར་ནས་སྤེལ། ཁྲའོ་ཞན་གྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཞི་བདེ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཀྲུང་ཀི་སོགས་མི་ལྔས་གྲུབ་པའི་ཁྲའོ་ཞན་གྱི་འཐུས་ཚབ་ཚོགས་པ་ཚོགས་ཆེན་ལ་ཞུགས།
ལིས་ཀྲུང་ཀི་ཡིས་གཏམ་བཤད་སྤེལ་ཏེ། མིག་སྔར་ཁྲའོ་ཞན་ཕྱེད་གླིང་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅིང་། ལྷོ་བྱང་གི་འབྲེལ་བ་ལེགས་བཅོས་བྱུང་ཡོད། ཁྲའོ་ཞན་དང་ཧན་གོའི་མགོ་ཁྲིད་པའི་གྲོས་མོལ་དང་། ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པའི་གྲོས་མོལ། ཁྲའོ་ཞན་དང་ཧན་གོས་བཀོད་པའི་ཐུན་མོང་བསྒྲགས་གཏམ་སོགས་ལས་ཕྱེད་གླིང་དང་ཐ་ན་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་དུ་ཞི་བདེའི་དུས་རབས་བསུ་བཞིན་པའི་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བར་བསླེབ་པ་མཚོན་ཡོད།
ལིས་ཀྲུང་ཀི་ཡིས་ལོ་རྒྱུས་སྟེང་འཇར་པན་གྱིས་ཁྲའོ་གྱི་ངལ་རྩོལ་པ་སོགས་བཙན་བསྡུ་བྱས་པ་དང་གཞི་རྒྱ་ཆེ་བའི་དམར་གསོད་བྱ་སྤྱོད་སྤེལ་བར་རྒོལ་གཏམ་བཏང་བ་དང་། འཇར་པན་ཕྱོགས་ཀྱིས་ལོ་རྒྱུས་ཀྱི་བདེན་དོན་ལ་དག་འབུད་བྱས་ཏེ། གནོད་ཐེབས་མཁན་དང་དེའི་ཁྱིམ་མིར་སྐྱིན་ཚབ་སྤྲོད་དགོས་པའི་རེ་བ་བཏོན། ཁོས་ཁྲའོ་ཞན་དང་ཧན་གོས་ལག་རྡང་སྦྲེལ་ནས་འཇར་པན་གྱིས་སྔོན་ཆད་བསགས་པའི་ཉེས་སྤྱོད་ཐེར་འདོན་བྱས་ཏེ། ཡིད་སྐྱོ་བའི་ལོ་རྒྱུས་དེ་འདྲ་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།
ཅིན་ཅི་ཏའོ་ཡི་མགོ་བ་ལིས་ཙེ་མེན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ཅིན་ཅི་ཏའོ་ཡིས་ཨེ་ཤ་ཡཱ་བྱང་ཤར་གྱི་ཞི་བདེ་དང་དཔལ་འབྱོར་འཕེལ་རྒྱས་ཐད་འབད་བརྩོན་བྱེད་རྒྱུ་ཡིན་པ་དང་། དེ་རིང་གི་ཚོགས་ཆེན་དེས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཞི་བདེའི་དར་རྒྱས་སྔ་མོ་ནས་མངོན་འགྱུར་འབྱུང་བར་ཡར་སྐུལ་གྱི་ནུས་པ་ཐོན་ཐུབ་པར་ཡིད་ཆེས་ཡོད་ཟེར།