དབྱི་ལིང་གིས་ཕཱ་ཁི་སི་ཐན་བར་གྱི་མཐའ་མཚམས་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་རེ་བ་ཡོད།
2018.11.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25


དབྱི་ལིང་ནང་སྲིད་པུའུ་ཀྲང་ཧྥ་ཙི་ལེ་ཡིས་ཚེས་བཅུ་བདུན་ཉིན་བསྟན་དོན། མིག་སྔར་དབྱི་ལིང་དང་ཕཱ་ཁི་སི་ཐན་གྱི་མཐའ་མཚམས་བདེ་འཇགས་གནས་བབ་ཛ་དྲག་ཆེ་བ་དང་། དབྱི་ལིང་གིས་ཕཱ་ཁི་སི་ཐན་བར་གྱི་མཐའ་མཚམས་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་རེ་བ་ཡོད་ཟེར།
བསྒྲགས་པ་ལྟར་ན། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ཐད་དཀའ་ཁག་བྱུང་ན། དབྱི་ལིང་གིས་ཕཱ་ཁི་སི་ཐན་གྱི་ཆོག་མཆན་ཐོབ་པའི་གནས་ཚུལ་འོག་ཕཱ་ཁི་སི་ཐན་གྱི་མངའ་ཁོངས་སུ་སོང་ནས་འགུལ་སྐྱོད་སྤེལ་འདོད་ཡོད་ཟེར།
ཧྥ་ཙི་ལེ་ཡིས་མཚམས་སྦྱོར་བྱས་དོན། ཐེངས་འདིར་འཇིགས་སྐུལ་ཉེས་ཅན་གྱིས་བཙན་ཁྲིད་བྱས་པའི་དབྱི་ལིང་དམག་ཕྱོགས་མི་སྣའི་ཁྲོད་ཀྱི་མི་ལྔ་ཚེས་བཅོ་ལྔ་ཉིན་ཕྱིར་བཏང་། དབྱི་ལིང་ཕྱོགས་ཀྱིས་མུ་མཐུད་དུ་འབད་བརྩོན་བྱས་ཏེ་དེའི་འཕྲོའི་བཙན་ཁྲིད་མི་སྣ་ཕྱིར་གཏོང་བར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།
ཟླ་བཅུ་བའི་ཟླ་དཀྱིལ་དུ། དབྱི་ལིང་གི་དམངས་དམག་རྩ་འཛུགས་ཀྱི་ཁོངས་མི་དང་མཐའ་མཚམས་བདེ་འཇགས་མི་སྣ་བཅུ་བཞི་དབྱི་ལིང་གི་ཞེ་སི་ཐན་པུས་ལུའུ་ཀྲི་སི་ཐན་ཞིང་ཆེན་དང་ཕཱ་ཁི་སི་ཐན་མཐའ་མཚམས་ས་ཁུལ་དུ་དྲག་ཆས་ཉེས་ཅན་གྱི་བཙན་ཁྲིད་བྱས། དབྱི་ལིང་ཕྱོགས་ཀྱིས་བཤད་པ་ལྟར་ན། དྲག་ཆས་ཉེས་ཅན་དེ་དག་ཕཱ་ཁི་སི་ཐན་གྱི་མངའ་ཁོངས་སུ་སྦས་སྐོང་བྱས་ཡོད་པ་རེད།