ཕུའུ་ཅིན་གྱིས་ཨུ་རུ་སིའི་སྐམ་དམག་དང་མཚོ་དམག་བསྟུད་མར་དོ་མཉམ་འཕེལ་རྒྱས་འབྱུང་བར་ཁག་ཐེག་བྱ་དགོས་པའི་འབོད་སྐུལ་བཏང་། 
2018.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24


ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉི་ཤུའི་ཉིན་བསྟན་དོན། ཨུ་རུ་སི་ཡིས་ངེས་པར་དུ་སྐམ་དམག་དང་མཚོ་དམག་བསྟུད་མར་དོ་མཉམ་འཕེལ་རྒྱས་འབྱུང་བར་ཁག་ཐེག་བྱས་ཏེ། མི་མངོན་པའི་འཇིགས་ཉེན་གང་རུང་མེད་པར་གཏོང་དགོས་པའི་ཚུལ་བསྟན། 

བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཉིན་དེར་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་སོ་ཆི་གྲོང་ཁྱེར་ནས་མཐོ་རིམ་དམག་དཔོན་དང་དམག་དོན་བཟོ་ལས་སྡེ་ཁག་གི་མཐོ་རིམ་དོ་དམ་དཔོན་པོའི་གྲོས་བསྡུར་ཚོགས་འདུར་མགོ་འཛིན་བྱེད་སྐབས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ་རྒྱལ་སྤྱིའི་ཁོར་ཡུག་སྔར་བཞིན་དོ་མཉམ་མིན་པ་དང་། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་དྲག་ཆས་འཁྲུག་རྩོད་མཚམས་བཞག་མེད་ལ། བྱང་ཆིངས་རྩ་འཛུགས་ཀྱིས་མུ་མཐུད་དུ་ཨུ་རུ་སིའི་མཐའ་མཚམས་ས་ཁུལ་དུ་དམག་དོན་བཀོད་སྒྲིག་རྒྱ་བསྐྱེད་བཞིན་ཡོད། གནས་ཚུལ་འདི་འདྲའི་འོག ཨུ་རུ་སི་ཡིས་སྐམ་དམག་དང་མཚོ་དམག་གི་དོ་མཉམ་འཕེལ་རྒྱས་ལ་ཁག་ཐེག་བྱས་ཏེ། མི་མངོན་པའི་འཇིགས་ཉེན་གང་རུང་མེད་པར་གཏོང་དགོས་ཟེར། 

ཕུའུ་ཅིན་གྱིས་ཨུ་རུ་སིའི་དམག་དཔུང་གིས་སི་རི་ཡཱའི་འཐབ་འཁྲུག་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དམག་དཔུང་གི་དམག་གྲབས་ནུས་པ་འཐུས་ཚང་དུ་གཏོང་བ་དང་། རིགས་སྣ་ཚོགས་ཀྱི་དམག་དོན་སྦྱོང་བརྡར་ཁྲོད་སྔར་ལས་རྙོག་འཛིང་དང་རྒྱུན་ལྡན་མིན་པའི་རྣམ་གྲངས་གཏན་འབེབ་བྱས་ནས། འཐབ་འཁྲུག་ལས་ཁུངས་ཀྱི་ཐོལ་བྱུང་དམག་གྲབས་ཞིབ་བཤེར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བའི་ཞོར་དུ། མུ་མཐུད་དུ་སྐམ་དམག་དང་མཚོ་དམག་ལ་དེང་རབས་མཚོན་ཆ་སྒྲིག་སྦྱོར་བྱེད་དགོས་ཟེར། 

དམག་དཔུང་གི་སྒྲིག་ཆས་བརྗེ་སྤོར་བྱེད་པའི་འཆར་གཞི་གླེང་སྐབས་ཕུའུ་ཅིན་གྱིས་བསྟན་དོན། ད་ལོའི་ལོ་མགོ་ནས་ཟླ་བཅུ་གཅིག་པའི་ཟླ་དཀྱིལ་བར། མཚོན་ཆའི་སྒྲིག་ཆས་རིགས་སྣ་སྟོང་གཉིས་ལྷག་དམག་དཔུང་ལ་སྤྲོད་རྒྱུ་ཡིན་པ་དང་། དེའི་ནང་གནམ་གྲུ་དང་གྱེན་འཕུར་གནམ་གྲུ་དོན་བཞི་དང་། མི་བསྡད་མེད་པའི་གནམ་གྲུ་བརྒྱད་ཅུ། མཁའ་སྲུང་འཕུར་མདའི་མ་ལག་བཞི། མཚོ་ཐོག་གྲུ་གཟིངས་ལྔ། ཐན་ཁི་འཁོར་ལོ་དང་འཁྲབ་ལྡན་འཁོར་ལོ་ཉིས་བརྒྱ་ལྔ་བཅུ་བསད་འདུས། 

ཨུ་རུ་སིའི་དམག་དཔུང་གི་སྒྲིག་ཆས་བརྗེ་སྤོར་བྱེད་པའི་འཆར་གཞི་ལྟར་ན། ཉིས་སྟོང་ཉི་ཤུ་ལོའི་བར་ཨུ་རུ་སིའི་དམག་དཔུང་སོ་སོའི་རྣམ་པ་གསར་བའི་མཚོན་ཆ་དང་སྒྲིག་ཆས་ཀྱི་བསྡུར་ཚད་དེ་བརྒྱ་ཆའི་བདུན་ཅུ་ལས་མི་དམའ་བ་དང་། དམག་དཔུང་རེ་འགའ་བརྒྱ་ཆའི་བརྒྱར་བསླེབ་སྲིད།