ཨ་ཧྥུའུ་ཧན་གྱི་རྒྱལ་ས་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་བཞི་བཅུ་རྐྱེན་ལམ་དུ་ཤོར། 
2018.11.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན་གྱི་དགོང་མོར། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་གྱི་མྱུར་སྐྱོབ་སྨན་ཁང་ཞིག་གི་ཕྱི་རོལ་དུ་མང་ཚོགས་ཀྱིས་གཉེན་ཉེའི་གནས་ཚུལ་ལ་སྒུག་བཞིན་པ། 

ཨ་ཧྥུའུ་ཧན་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉི་ཤུའི་ཉིན་བསྒྲགས་པ་ལྟར་ན། རྒྱལ་ས་ཁཱ་པོར་ནས་ཉིན་དེར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཞི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བརྒྱད་ཅུར་རྨས་ཕོག་ཟེར། 

བསྒྲགས་པ་ལྟར་ན། འགས་གཏོར་དོན་རྐྱེན་དེ་ཉིན་དེའི་དགོང་མོའི་དུས་ཚོད་དྲུག་དང་སྐར་མ་བཅོ་ལྔའི་ཡས་མས་སུ། རྒྱལ་སའི་གྲོང་ཁུལ་གྱི་གཉེན་སྟོན་བྱེད་སའི་ཚོམས་ཁང་ཞིག་ནས་བྱུང་བ་རེད། འགས་གཏོར་བྱུང་སྐབས་ཡུལ་དངོས་སུ་མང་ཚོགས་མང་བོ་འདུས་ཡོད་པ་རེད། 

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་འགྲོ་སའི་གཞུང་ལམ་གཙོ་བོ་ཚང་མ་ཉེན་རྟོག་ཕྱོགས་ཀྱིས་བཀག་ཡོད་པ་དང་། མྱུར་སྐྱོབ་རླངས་འཁོར་དང་ཉེན་རྟོག་པའི་རླངས་འཁོར་ཡུལ་དངོས་སུ་སོང་ནས་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་ཟེར། 

ཨ་ཧྥུའུ་ཧན་དུ་ཉེ་སྔོན་འཇབ་རྒོལ་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད་པ་དང་། བདེ་འཇགས་གནས་བབ་དེ་འདྲ་བཟང་རྒྱུ་མི་འདུག ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན། ཁཱ་པོར་གྲོང་ཁུལ་གྱི་མི་མང་བོ་འདུས་ས་ཞིག་ཏུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར།