ཨུ་རུ་སིའི་ཕྱོགས་ཀྱིས་ཧྥ་རན་སིའི་ངོ་རྒོལ་བྱ་འགུལ་ནང་ཞུགས་མེད་པའི་ཚུལ་བསྟན། 
2018.12.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 53

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཆེན་མོ་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བཅུའི་ཉིན་བསྟན་དོན། ཨུ་རུ་སི་ཧྥ་རན་སིའི་མིག་སྔའི་ངོ་རྒོལ་བྱ་འགུལ་ནང་ཞུགས་ཡོད་པར་འདོད་པའི་བཤད་ཚུལ་དེ་རྫུན་ཡིན་པ་རེད་ཟེར། 

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཧྥ་རན་སིའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་བཞིན་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན་ཧྥ་རན་སིའི་ངོ་རྒོལ་བྱ་འགུལ་ནི་ཧྥ་རན་སི་ནང་ཁུལ་གྱི་དོན་དག་ཅིག་ཡིན་ལ། ཨུ་རུ་སིའི་ཕྱོགས་ཀྱིས་དེར་ཐེ་གཏོགས་བྱས་མྱོང་མེད། ཨུ་རུ་སི་ཡིས་ཧྥ་རན་སིའི་ངོ་རྒོལ་བྱ་འགུལ་ལ་ཐེ་གཏོགས་བྱས་པར་འདོད་པའི་བརྗོད་ཚུལ་གང་ཡིན་ཡང་རྫུན་གཏམ་ཁོ་ན་ཡིན་ཟེར། 

ཉེ་སྔོན། ཧྥ་རན་སིའི་མང་ཚོགས་རེ་འགས་ཕཱ་རེ་སི་དང་ས་ཁུལ་གཞན་པ་ནས་རྡོ་སྣུམ་གྱི་རིན་གོང་ཇེ་མཐོར་སོང་བར་ངོ་རྒོལ་བྱེད་པའི་བྱ་འགུལ་སྤེལ། ངོ་རྒོལ་བྱ་འགུལ་སྤེལ་བའི་སྐབས་སུ། དྲག་ཤུགས་ཉེས་ཅན་སྐོར་ཞིག་གིས་གོ་སྐབས་དེ་དང་བསྟུན་ནས་རྒྱལ་ཁའི་སྒོ་མོ་ཆེ་དང་ཞང་ཞེ་ལོས་ཧྲི་སྲང་ལམ་སོགས་ས་ཁུལ་ནས་འཕྲོག་བཅོམ་བྱས་ཏེ་དྲག་ཤུགས་འཁྲུག་རྩོད་ཐེངས་མང་བྱུང་། 

ཝུའུ་ཁི་ལན་བདེ་འཇགས་ཅུའུ་ཡིས་ཚེས་དགུའི་ཉིན་བསྟན་དོན། ཨུ་རུ་སི་ཧྥ་རན་སིའི་མིག་སྔའི་ངོ་རྒོལ་བྱ་འགུལ་ལ་ཞུགས་ཡོད་ངེས་རེད་ཟེར། ཚེས་བཅུ་ཉིན་གྱི་སྔ་དྲོར། ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ལེ་ཏི་ལི་ཨང་གིས་བཤད་རྒྱུར། ཧྥ་རན་སིའི་ཕྱོགས་ཀྱིས་ཨུ་རུ་སི་ཡིས་མིག་སྔའི་ངོ་རྒོལ་བྱ་འགུལ་ལ་ཐེ་གཏོགས་བྱས་ཡོད་མེད་ལ་རྟོག་ཞིབ་བྱེད་རྒྱུ་ཡིན་ཟེར།