མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གནས་སྤོར་སྡོད་དམངས་གནད་དོན་གྱི་འཛམ་གླིང་ཡོངས་ཀྱི་ཆིངས་ཡིག་ལ་གྲོས་མཐུན་བཀོད། 
2018.12.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 60

མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡོངས་ཀྱི་གནས་སྤོར་སྡོད་དམངས་གནད་དོན་གྱི་སྲིད་གཞུང་བར་གྱི་གྲོས་ཚོགས་ཚེས་བཅུའི་ཉིན་མའོ་ལོ་ཀིའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་མཱ་ལཱ་ཁཱ་ཧྲི་ནས་འཚོགས། གནས་སྤོར་སྡོད་དམངས་གནད་དོན་གྱི་འཛམ་གླིང་ཡོངས་ཀྱི་ཆིངས་ཡིག་ལ་ཚོགས་ཐོག་ནས་དངོས་སུ་གྲོས་འཆམ་བྱུང་། 

རྒྱལ་ཁབ་བརྒྱ་དང་ལྔ་བཅུ་ལྷག་གི་སྲིད་གཞུང་འཐུས་མི་ཐེངས་འདིའི་ཚོགས་ཡུན་ཉིན་གཉིས་ཀྱི་གྲོས་ཚོགས་ལ་ཞུགས་ཡོད། གྲོས་ཚོགས་དེ་ཚེས་བཅུ་གཅིག་ཉིན་གྲོལ་རྒྱུ་རེད། མའོ་ལོ་ཀིའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་ཀྱི་བློན་ཆེན་པུའུ་ལི་ཐཱ་ཡིས་ཚེས་བཅུ་ཉིན་གྱི་གྲོས་ཚོགས་སྟེང་ཆིངས་ཡིག་ལ་གྲོས་འཆམ་བྱུང་བ་ཁྱབ་སྒྲོག་བྱས། 

གནས་སྤོར་སྡོད་དམངས་གནད་དོན་གྱི་འཛམ་གླིང་ཡོངས་ཀྱི་ཆིངས་ཡིག་ནི་རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་ཀྱི་ཕྱོགས་སོ་སོའི་གནད་དོན་ལ་འབྲེལ་བའི་ཕྱོགས་བསྡུས་རང་བཞིན་གྱི་སྲིད་གཞུང་བར་གྱི་གྲོས་མཐུན་ཐོག་མ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་རྒྱལ་ཁོངས་བརྒལ་བའི་གནས་སྤོར་སྡོད་དམངས་གནད་དོན་གྱི་དམིགས་བསལ་འཐུས་མི་ཨ་པའོ་ཡིས་ནན་གྱིས་བསྟན་དོན། ཆིངས་ཡིག་ལ་གྲོས་འཆམ་བྱུང་བ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལས་མངོན་པའི་རིན་ཐང་ལྟ་བ་དང་རྩ་དོན་ལ་ཡང་བསྐྱར་ཁས་ལེན་བྱས་པ་རེད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་གྲོས་ཚོགས་མ་བསྡུས་གོང་བསྟན་དོན། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་གནས་སྤོར་སྡོད་དམངས་ཀྱི་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱེད་སྐབས་ཆིངས་ཡིག་གི་ནུས་པ་འདོན་སྤེལ་བྱེད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།