མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉ་ཡིས་ཡེ་མིན་གྱི་ཞི་བའི་གྲོས་མོལ་གྱི་ཕྱོགས་གཉིས་ཀྱིས་བཟུང་དམག་བརྗེ་སྤོར་བྱེད་པར་གྲོས་འཆམ་བྱུང་བའི་ཚུལ་བསྟན།
2018.12.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 45

སུའེ་ཏེན་དུ་སྤེལ་བཞིན་པའི་ཡེ་མིན་གྱི་ཞི་བའི་གྲོས་མོལ་ལས་ཚེས་བཅུ་ཉིན་གྲུབ་འབྲས་བླངས་པ་དང་། ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པའི་འཐུས་མིས་བཟུང་དམག་བརྗེ་སྤོར་བྱེད་པའི་གནད་དོན་ཐད་ནས་གྲོས་མཐུན་བཀོད་ཡོད།
བཟུང་དམག་བརྗེ་སྤོར་བྱེད་པ་ནི་ཐེངས་འདིའི་གྲོས་མོལ་གྱི་གྲོས་གཞི་གཙོ་བོ་ཞིག་ཡིན་པ་དང་། གྲོས་མོལ་ལ་མཐུན་སྦྱོར་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་གཉིས་ཀྱིས་བཟུང་དམག་བརྗེ་སྤོར་བྱེད་པའི་གནད་དོན་ལ་གྲོས་མཐུན་བཀོད་པ་དང་། ཡེ་མིན་གྱི་ནོར་སྲིད་གནད་དོན་ཇི་ལྟར་ཐག་གཅོད་བྱེད་པར་བར་ཐག་ཇེ་ཉེར་འགྲོ་བཞིན་ཡོད་ཟེར།
ཀི་ལི་ཧྥེ་སི་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཉེ་སྔོན་ད་རུང་སཱ་ནཱའི་གནམ་གྲུ་ཐང་སྒོ་འབྱེད་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས་ཀྱང་། ཐག་གཅོད་ཇུས་གཞི་བཀོད་མེད། མ་འོངས་པའི་ཉིན་འགའི་ནང་མུ་མཐུད་དུ་ཧི་ཐེ་ཏཱ་གྲུ་ཁ་དང་ཐཱ་དབྱེ་ཙི་གྲོང་ཁྱེར་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མགོ་འཛིན་བྱེད་པའི་སྐོར་ཐེངས་གསར་བའི་ཡེ་མིན་ཞི་བའི་གྲོས་མོལ་དེ་ཚེས་དྲུག་ཉིན་སུའེ་ཏེན་གྱི་རྒྱལ་ས་སི་ཏི་ཀི་ཨར་མའོ་བྱང་ངོས་ཀྱི་སྤྱི་ལེ་དྲུག་ཅུའི་མཚམས་སུ་ཡོད་པའི་ཡུག་ཧན་ནེ་སི་པེ་ལི་མཁར་རྫོང་ནས་སྤེལ། རྒྱུས་ལོན་བྱུང་བ་ལྟར་ན། གྲོས་མོལ་གྱི་ཉིན་གྲངས་དེ་བྱེ་བྲག་གི་གནས་ཚུལ་ལ་རག་ལས་ཡོད་པ་དང་། ཚོད་དཔག་བྱས་ན་གཟའ་འཁོར་གཅིག་ཙམ་འགོར་སྲིད་པ་རེད།