ལེ་པཱ་ནུན་གྱི་ཙུང་ཐུང་གིས་མཐའ་མཚམས་གནས་བབ་ཛ་དྲག་ཏུ་འགྱུར་བའི་བྱ་སྤྱོད་གང་རུང་ལ་ངོ་རྒོལ་བྱེད་བཞིན་ཡོད་པའི་ཚུལ་བསྟན།
2018.12.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ལེ་པཱ་ནུན་གྱི་ཙུང་ཐུང་ཨོ་ཨིན་གྱིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ལེ་པཱ་ནུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་བརྩི་སྲུང་བྱེད་པ་དང་། དབྱི་སི་རལ་བར་གྱི་མཐའ་མཚམས་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་བརྩོན་བཞིན་ཡོད་ལ། གནས་བབ་ཛ་དྲག་ཏུ་འགྱུར་བའི་བྱ་སྤྱོད་གང་རུང་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།
ཉིན་དེར། ཨོ་ཨིན་དང་འཚམས་འདྲིར་ཡོང་བའི་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་དམག་སྤྱི་ཏི་ཨར་ཁི་ཨར་གྱིས་ལེ་པཱ་ནུན་ལྷོ་ཕྱོགས་མཐའ་མཚམས་ས་ཁུལ་གྱི་གནས་བབ་གསར་བར་གྲོས་བསྡུར་བྱས། ཨོ་ཨིན་གྱིས་བཤད་རྒྱུར། དབྱི་སི་རལ་གྱི་ཀྲིན་ཀྲུའུ་ཏང་གི་ས་འོག་ཕུག་ལམ་དང་འབྲེལ་བའི་བརྗོད་ཚུལ་ཐད་ནས། ལེ་པཱ་ནུན་གྱིས་ལེ་པཱ་ནུན་གྱི་དམག་དཔུང་དང་ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་ཡུལ་དངོས་རྟོག་ཞིབ་མཇུག་འབྲས་ལ་སྒུག་རྗེས་ཆོད་དོན་སྤེལ་རྒྱུ་ཡིན་ཟེར།
ཏི་ཨར་ཁི་ཨར་གྱིས་བཤད་རྒྱུར། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་ལེ་པཱ་ནུན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱི་ལག་རྩལ་དང་མགོ་ཁྲིད་རིམ་པའི་བར་རོགས་ལས་ཀྱི་འབྲེལ་བ་ཟབ་མོ་སྲུང་འཛིན་བྱས་ཡོད། ཧུར་ཐག་སྒོས་འབྲེལ་འདྲིས་ཐབས་ལམ་བཀག་མེད་ཡིན་པ་སྲུང་འཛིན་བྱས་ཏེ་དགོས་མེད་ཀྱི་གོ་ལོག་མི་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར། ཁོས་ད་རུང་ལེ་པཱ་ནུན་དང་དབྱི་སི་རལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་ཐིག་གཅིག་བརྩི་སྲུང་བྱས་ནས་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་།