ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་བསྡུས་ནས་ལོ་ངོ་བཅུ་འགོར་བའི་རྗེས་དྲན་བྱ་འགུལ་ཧྲིག་ཨར་ནས་སྤེལ།
2018.12.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་མཉམ་འབྲེལ་དྲུང་ཡིག་ཁྲུའུ་ཡིས་ཚེས་བཅུ་གཅིག་ཉིན་ཧྲིག་ཨར་ནས་སྨྱན་བྱད་བརྗེ་རེས་ཚོགས་འདུ་སྤེལ་ཏེ། རྒྱལ་ཁབ་གསུམ་གྱི་མཉམ་ལས་བརྗེ་རེས་གྲུབ་འབྲས་དང་མདུན་ལྗོངས་མཉམ་སྤྱོད་བྱས་ནས། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་བསྡུས་ནས་ལོ་ངོ་བཅུ་འགོར་བར་རྗེས་དྲན་བྱས།
ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་མཉམ་ལས་དྲུང་ཡིག་ཁྲུའུ་་ཡི་དྲུང་ཡིག་ཆེན་མོ་ལིས་ཀྲུང་ཞོན་དང་། ཧན་གོར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་མགོ་བ་ཁྲིན་ཧྲའོ་ཁྲོན། ཧན་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལུའུ་ཀོས་ཏི། ཧན་གོར་སྡོད་པའི་འཇར་པན་རིག་གནས་ཁང་གི་མགོ་བ་ཞི་ཀང་ཏཱ་ཧྲི་བཅས་བརྗེ་རེས་ཚོགས་འདུར་ཞུགས། རྒྱལ་ཁབ་གསུམ་གྱི་སྨྱན་བྱད་བྱ་བ་བྱེད་མཁན་ལྔ་བཅུ་ཙམ་བྱ་འགུལ་ལ་ཞུགས།
ལིས་ཀྲུང་ཞོན་གྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། སྔོན་ཆད་འགལ་བ་དང་གནད་དོན་ཡོད་ཀྱང་། ཧན་གོ་དང་ཀྲུང་གོ། འཇར་པན་བཅས་རྒྱལ་ཁབ་གསུམ་གྱི་མཉམ་ལས་ལ་ལོ་བཅུའི་ནང་སྔར་བཞིན་འཕེལ་རྒྱས་ཆེན་པོ་བྱུང་ཡོད། དེང་སྐབས་ཀྱི་དུས་རབས་ལ་གཏན་འཇགས་མིན་པའི་རྒྱུ་མང་བོ་ཡོད་པ་དང་། ཕྱོགས་མང་རིང་ལུགས་ལ་ཕམ་ཉེས་འབྱུང་བཞིན་ཡོད། ཧན་གོ་དང་ཀྲུང་གོ། འཇར་པན་བཅས་ཀྱིས་གཏན་འཇགས་མིན་པའི་ཁྲོད་ནས་གཏན་འཇགས་ཀྱི་འཕེལ་རྒྱས་ཁ་ཕྱོགས་འཚོལ་དགོས། དེས་ཨེ་ཤ་ཡཱ་བྱང་ཤར་གྱི་ཞི་བདེ་དང་དར་རྒྱས་ལ་ཡར་སྐུལ་གཏོང་ཐུབ་པར་མ་ཟད། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་རྣམ་པར་ཡང་སྐུལ་འདེད་གཏོང་ཐུབ་ཟེར།
བརྗེ་རེས་ཚོགས་འདུའི་སྟེང་། རྒྱལ་ཁབ་གསུམ་གྱི་མཉམ་ལས་དྲུང་ཡིག་ཁྲུའུ་ཡིས་ད་རུང་རྒྱལ་ཁབ་གསུམ་གྱི་རྒྱལ་དམངས་དམིགས་ཡུལ་དུ་བཟུང་ནས་སྤེལ་བའི་རྒྱལ་དམངས་ཀྱིས་ཕན་ཚུན་ཁས་ལེན་བྱེད་པའི་རྟོག་ཞིབ་སྙན་ཞུ་ཞིག་ཁྱབ་སྒྲོག་བྱས། མཚམས་སྦྱོར་བྱས་པ་ལྟར་ན། དེ་ནི་དྲུང་ཡིག་ཁྲུའུ་ཡིས་ཐོག་དང་པོར་རྒྱལ་ཁབ་གསུམ་གྱི་རྒྱལ་དམངས་ལ་དུས་མཉམ་དུ་སྤེལ་བའི་རྒྱལ་ཁབ་གསུམ་གྱི་རྒྱལ་དམངས་ཀྱིས་ཕན་ཚུན་ཁས་ལེན་བྱེད་མིན་སྐོར་གྱི་རྟོག་ཞིབ་ཅིག་ཡིན་པ་དང་། རྟོག་ཞིབ་མཇུག་འབྲས་ལྟར་ན། མི་མང་ཆེ་བས་བལྟས་ན། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་ཕྱོགས་གཉིས་འབྲེལ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡང་། མཉམ་ལས་ལ་ཤུགས་སྣོན་པར་དགོས་གལ་ཧ་ཅང་ཆེ་བར་འདོད་པ་དང་། རྒྱལ་ཁབ་གསུམ་གྱི་མཉམ་ལས་མདུན་ལྗོངས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་པའི་ཚུལ་བསྟན།