ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པས་ཨུ་རུ་སི་ཡིས་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་གི་གནད་དོན་ཐད་ནས་ཨ་མེ་རི་ཁ་དང་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན། 
2018.12.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཚེས་བཅུ་གསུམ་ཉིན་བསྟན་དོན། ཨུ་རུ་སི་ཡིས་རང་སྟེང་གི་ཁེ་ཕན་དང་སེམས་ཁུར་ལ་བསམ་བློ་བཏང་བའི་གནས་ཚུལ་འོག འབྲིང་འཕེན་འཕུར་མདའི་ཆིངས་ཡིག་གནད་དོན་ཐད་ནས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་འདོད་ཡོད་ཟེར། 

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཉིན་དེར་མའོ་སི་ཁི་ནས་བཤད་རྒྱུར། ཨ་མེ་རི་ཁ་སྲིད་གཞུང་གིས་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལ་ཕྱིར་འབུད་པའི་ཆོད་དོན་སྤེལ་ཡོད་ཀྱང་། ཨུ་རུ་སིའི་ཕྱོགས་ཀྱིས་སྔར་བཞིན་ངོ་བོ་རང་བཞིན་ལྡན་པ་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱས་ཏེ། འབྲིང་འཕེན་འཕུར་མདའི་ཆིངས་ཡིག་སྲུང་འཛིན་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱེད་འདོད་ཡོད་ཟེར། 

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཟླ་བཅུ་བའི་ཚེས་ཉི་ཤུའི་ཉིན་ཨུ་རུ་སི་ཡིས་དུས་ཡུན་རིང་བོར་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལ་འགལ་བའི་བྱ་སྤྱོད་སྤེལ་བ་དང་ཆིངས་ཡིག་དེ་ལས་ཨ་མེ་རི་ཁས་མཚོན་ཆ་གསར་བ་གསར་སྤེལ་བྱེད་པར་ཚད་བཀག་ཐེབས་ཡོད་པ་རྒྱུ་མཚན་དུ་བྱས་ཏེ། ཨ་མེ་རི་ཁ་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལ་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཟླ་བཅུ་གཉིས་པའི་ཚེས་བཞིའི་ཉིན་པུའུ་ལུའུ་སེར་ནས་བསྟན་དོན། ཨུ་རུ་སི་ཡིས་ཕྱོགས་ཡོངས་ནས་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལག་བསྟར་བྱེད་པ་སླར་གསོ་མ་བྱས་ན། ཨ་མེ་རི་ཁས་ཉིན་དྲུག་ཅུའི་རྗེས་སུ་ཆིངས་ཡིག་དེ་ལག་བསྟར་བྱེད་པའི་འོས་འགན་བསྐྱུར་ངེས་ཡིན་ཟེར། 

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན་བསྟན་དོན། ཨུ་རུ་སི་ཡིས་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལ་གཏོར་བརླག་ཐེབས་པར་ངོ་རྒོལ་བྱེད་བཞིན་ཡོད། གལ་ཏེ་ཨ་མེ་རི་ཁ་ཆིངས་ཡིག་དེ་ལས་ཕྱིར་བུད་ན། ཨུ་རུ་སིའི་ཕྱོགས་ཀྱིས་དེར་རྒོལ་ལན་སྤྲོད་ངེས་ཡིན་ཟེར། ཨུ་རུ་སིའི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པ་ཀི་ལཱ་ཞི་མའོ་ཧྥུའུ་ཡིས་ཀྱང་ཉིན་དེར། ཨ་མེ་རི་ཁས་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལ་ཕྱིར་འབུད་རྒྱུའི་ཚུལ་བསྟན་པ་དང་། བྱ་སྤྱོད་དེ་ལས་འཐབ་ཇུས་གཏན་འཇགས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་ལ། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་འདོད་བློ་དེ་ཉེན་ཁའི་བྱ་སྤྱོད་དུ་མཐོང་ཡོད་པའི་ཉེན་བརྡ་བཏང་།