ཐུར་ཁེ་དང་ཨ་མེ་རི་ཁའི་བར་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པའི་གནད་དོན་ཐད་ནས་ཡང་བསྐྱར་འགལ་བ་བྱུང་། 
2019.01.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 67

ཟླ་དང་པོའི་ཚེས་བརྒྱད་ཉིན། ཐུར་ཁེའི་ཨན་ཁཱ་ལཱ་ནས། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་གྲོས་ཁང་ནས་གཏམ་བཤད་སྤེལ། 

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བརྒྱད་ཉིན་བསྟན་དོན། ཐུར་ཁེ་ཡིས་ཨ་མེ་རི་ཁས་མི་དམངས་སྲུང་སྐྱོབ་དམག་དཔུང་སོགས་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པར་སྲུང་སྐྱོབ་བྱེད་པའི་རྣམ་འགྱུར་དང་ལེན་བྱེད་ཐབས་མེད་པ་དང་། སི་རི་ཡཱའི་བར་སྐོར་ཐེངས་གསར་བའི་དམག་དོན་འགུལ་སྐྱོད་སྤེལ་རྩིས་ཡོད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་སྲིད་འཛིན་ཏང་གི་གྲོས་ཁང་ཏང་ཚོགས་ཀྱི་གྲོས་ཚོགས་སྟེང་བཤད་རྒྱུར། མི་དམངས་སྲུང་སྐྱོབ་དམག་དཔུང་གིས་ཁུའུ་ཨར་ཏི་བའི་ཚབ་བྱེད་མི་རུང་བ་དང་། ཐུར་ཁེ་ཡིས་ཨ་མེ་རི་ཁས་མི་དམངས་སྲུང་སྐྱོབ་དམག་དཔུང་གི་བདེ་འཇགས་ལ་འགན་སྲུང་བྱེད་པ་དེ་སི་རི་ཡཱ་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་ཆ་རྐྱེན་དེ་བྱས་པ་དང་ལེན་བྱེད་ཐབས་མེད་ཟེར། ཁོས་བསྟན་དོན། ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ཀྱི་འཇིགས་སྐུལ་རིང་ལུགས་ཀྱིས་ཚོད་འཛིན་བྱེད་པའི་ས་ཁུལ་གཙང་ཕྱགས་བྱེད་པའི་ཆོད་སེམས་ཡོད་ཟེར། 

དུས་ཡུན་རིང་བོར། ཐུར་ཁེ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་བར་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པའི་ཁྲིམས་མཐུན་རང་བཞིན་གྱི་གནད་དོན་ཐད་འགལ་བ་ཆེན་པོ་གནས་ཡོད། ཐུར་ཁེ་ཕྱོགས་ཀྱིས་བལྟས་ན་མི་དམངས་སྲུང་སྐྱོབ་དམག་དཔུང་ནི་ཐུར་ཁེའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྩ་འཛུགས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་སི་རི་ཡཱའི་ཡན་ལག་ཡིན་པ་དང་། འཇིགས་སྐུལ་རྩ་འཛུགས་ལ་གཏོགས་པར་འདོད། ཡིན་ཡང་ཨ་མེ་རི་ཁའི་དམག་དཔུང་གིས་ནམ་རྒྱུན་ཁུའུ་ཨར་ཏི་བ་གཙོ་བྱས་པའི་སི་རི་ཡཱའི་དམངས་གཙོ་དམག་དཔུང་དང་མི་དམངས་སྲུང་སྐྱོབ་དམག་དཔུང་བར་མཉམ་ལས་ཟབ་མོ་བྱས་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བཞིན་ཡོད་ཟེར། 

ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་པའོ་ཨར་ཏོན་གྱིས་ཚེས་དྲུག་ཉིན་དབྱི་སི་རལ་དུ་འཚམས་འདྲི་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁས་སི་རི་ཡཱ་ནས་དམག་དཔུང་ཕྱིར་འཐེན་བྱེད་པར་དམིགས་བསལ་གྱི་ཆ་རྐྱེན་བསྐང་དགོས། དེའི་ནང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སི་རི་ཡཱའི་སྟོབས་ཤུགས་ལྷག་འཕྲོ་གཙང་ཕྱགས་བྱེད་པ་དང་། ཨ་མེ་རི་ཁའི་དམག་དཔུང་གི་སི་རི་ཡཱའི་ཁུའུ་ཨར་ཏི་མནའ་མཐུན་ལ་སྲུང་སྐྱོབ་ཐོབ་པར་འགན་སྲུང་བྱེད་པ་འདུས། ཨ་མེ་རི་ཁའི་རྣམ་འགྱུར་དེར་ཐུར་ཁེ་ཡིས་ཡིད་འཐད་མིན་པའི་ཚུལ་བསྟན། 

དེའི་རྗེས་སུ། པའོ་ཨར་ཏོན་གྱིས་ཚེས་བརྒྱད་ཉིན་གྱི་སྔ་དྲོར་ཨན་ཁཱ་ལཱ་ནས་ཐུར་ཁེའི་དཔོན་ཕྱོགས་དང་གྲོས་མོལ་སྤེལ་ཏེ། ཨ་མེ་རི་ཁས་དམག་དཔུང་ཕྱིར་འཐེན་བྱེད་པ་དང་ཁུའུ་ཨར་ཏིའི་གནད་དོན་ལ་གྲོས་བསྡུར་བྱས། ཕྱི་ཕྱོགས་ཀྱིས་རེ་སྒུག་བྱེད་པ་དང་མི་འདྲ་བ་ནི་པའོ་ཨར་ཏོན་གྱིས་ཨེ་ཨར་ཏའོ་ཨན་དང་གྲོས་མོལ་མ་བྱས་པ་དང་། ཚེས་བརྒྱད་ཉིན་གྱི་ཉིན་གུང་ཐུར་ཁེ་དང་བྲལ་བ་རེད།