ཁཱ་ཐར་གྱིས་ཆབ་སྲིད་དང་བདེ་འཇགས་ཐད་ནས་དབྱི་རག་ལ་རྒྱབ་སྐྱོར་བྱེད་རྒྱུ་ནན་བཤད་བྱས།
2019.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཁཱ་ཐར་གྱི་མགོ་གཙོ་ཐཱ་མུས་མུའུ་ཡིས་ཚེས་བཅུ་ཉིན་འཚམས་འདྲིར་ཡོང་བའི་དབྱི་རག་གི་ཙུང་ཐུང་སཱ་ལེ་ཧི་ལ་ཐུག་འཕྲད་བྱེད་སྐབས་བསྟན་དོན། ཁཱ་ཐར་གྱིས་ཆབ་སྲིད་དང་བདེ་འཇགས་ཐད་ནས་དབྱི་རག་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། དབྱི་རག་བར་གྱི་སྤུན་ཟླའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་རེ་བ་ཡོད་ཟེར།
     ཁཱ་ཐར་གྱི་མགོ་གཙོའི་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ཏེ། ཐཱ་མུས་མུའུ་ཡིས་སཱ་ལེ་ཧི་ལ་ཐུག་འཕྲད་བྱེད་སྐབས་ནན་གྱིས་བསྟན་དོན། ཁཱ་ཐར་དབྱི་རག་མི་དམངས་ཀྱི་ཕྱོགས་ནས་ལངས་ཏེ། དབྱི་རག་གིས་གཏན་འཇགས་དང་ཞི་བདེ་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ཐཱ་མུས་མུའུ་ཡིས་བལྟས་ན། སཱ་ལེ་ཧི་འཚམས་འདྲིར་ཡོང་བ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྲ་བརྟན་དང་འཕེལ་རྒྱས་ལ་ཕན་ཐོགས་ཡོད་ཟེར།
      གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། རྨང་གཞིའི་འཛུགས་སྐྲུན། དབྱི་རག་གི་བསྐྱར་འཛུགས་སོགས་ཀྱི་ཐད་ནས་མཉམ་ལས་བྱེད་རྒྱུ་ནན་བཤད་བྱས། ཕྱོགས་གཉིས་ཀྱིས་ད་རུང་ཨ་རབ་རྒྱལ་ཁབ་དང་ས་ཁུལ། རྒྱལ་སྤྱིའི་གནས་བབ་བཅས་ཀྱི་ཐད་ནས་ལངས་ཕྱོགས་མཐུན་སྦྱོར་བྱེད་རྒྱུ་ཡིན་ཟེར།
      བསྒྲགས་པ་ལྟར་ན། སཱ་ལེ་ཧི་ཡིས་གྲོས་མོལ་བྱེད་སྐབས་ཐུན་མོང་གི་འབྲེལ་བའི་མ་ལག་བཙུགས་ཏེ། ཨ་རབ་རྒྱལ་ཁབ་བར་དང་ཨ་རབ་རྒྱལ་ཁབ་དང་ས་ཁུལ་དེའི་རྒྱལ་ཁབ་བར་གྱི་འབྲེལ་བ་སྲ་བརྟན་དུ་གཏོང་དགོས་ལ། ཕན་ཚུན་བཟོད་སྒོམ་དང་འཛུགས་སྐྲུན་རང་བཞིན་གྱི་གྲོས་མོལ་བྱེད་པར་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་།
སཱ་ལེ་ཧི་ཚེས་དགུའི་ཉིན་གྱི་དགོང་མོར་ཏའོ་ཧཱ་རུ་འབྱོར་བ་རེད། དེ་ནི་ཁོས་ན་ནིང་ཟླ་བཅུ་བར་ལས་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་ཁཱ་ཐར་དུ་འཚམས་འདྲི་བྱས་པ་རེད།