ཧན་གོའི་རྒྱལ་སྲུང་པུའུ་ཡིས་ཉིས་སྟོང་བཅུ་དགུ་ལོ་ནས་ཉིས་སྟོང་ཉེར་གསུམ་ལོའི་བར་གྱི་འགྲོ་སོང་འཆར་གཞི་ཁྱབ་སྒྲོག་བྱས།
2019.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཧན་གོའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་གཅིག་ཉིན་ཉིས་སྟོང་བཅུ་དགུ་ལོ་ནས་ཉིས་སྟོང་ཉེར་གསུམ་ལོའི་བར་གྱི་རྒྱལ་སྲུང་འཆར་གཞི་ཁྱབ་སྒྲོག་བྱས་པ་དང་། ཕྱིན་ཆད་ཀྱི་ལོ་ལྔའི་ནང་རྒྱལ་སྲུང་ཁྱབ་ཁོངས་ཀྱིས་མེ་སྒོར་ཁྲག་ཁྲིག་གཉིས་དང་ཐེར་ཆེན་བཞི་ལྷག་གི་འགྲོ་སོང་བཏང་ནས། རང་བདག་རྒྱལ་སྲུང་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་ལ། དེའི་རྒྱལ་སྲུང་འགྲོ་སོང་གི་ལོ་རེའི་ཆ་སྙོམས་འཕར་ཚད་ད་ལྟའི་ཆུ་ཚད་ལས་བརྒལ་ཡོད།
རྒྱལ་སྲུང་པུའུ་ཡིས་ཁྱབ་སྒྲོག་བྱས་པའི་འཆར་གཞི་ལྟར་ན། ཧན་གོས་ཉིས་སྟོང་བཅུ་དགུ་ལོ་ནས་ཉིས་སྟོང་ཉེར་གསུམ་ལོའི་བར་རྒྱལ་སྲུང་ལས་དོན་གྱི་སྤྱིའི་འགྲོ་སོང་ཧན་གོའི་སྒོར་མོ་ཁྲག་ཁྲིག་ཉིས་བརྒྱ་དང་བདུན་ཅུ་ལྷག་ཡིན་པ་དང་། དེའི་ནང་ཧན་གོའི་སྒོར་མོ་ཁྲག་ཁྲིག་གོ་བཞི་ལྷག་སྒྲིག་ཆས་འཛུགས་སྐྲུན་ཐད་བཀོལ་རྒྱུ་ཡིན་ལ། ཧན་གོའི་སྒོར་མོ་ཁྲག་ཁྲིག་ཉེར་གཅིག་དང་ཐེར་ཆེན་དགུ་མཐོ་གསར་ཚན་རྩལ་གྱི་མཚོན་ཆའི་མ་ལག་དང་འབྲེལ་ཡོད་ལག་རྩལ་གསར་སྤེལ་བྱེད་པའི་ཐད་བཀོལ་རྒྱུ་རེད། འཆར་གཞི་དེར་འཆར་འགོད་ནོར་སྲིད་པུའུ་ཡི་དཔྱད་ཞིབ་བྱས་ཏེ་རྒྱལ་ཚོགས་ཀྱི་ཆོག་མཆན་ཐོབ་དགོས་པ་རེད།
འཆར་གཞི་ལྟར་ན། ཧན་གོས་ཕྱིན་ཆད་ཀྱི་ལོ་ལྔའི་ནང་གི་རྒྱལ་སྲུང་འགྲོ་སོང་སོ་སོར་ཧན་གོའི་སྒོར་མོ་ཁྲག་ཁྲིག་ཞེ་དྲུག་དང་ཐེར་ཆེན་བདུན་དང་། ཁྲག་ཁྲིག་ལྔ་བཅུ་དང་ཐེར་ཆེན་གསུམ། ཁྲག་ཁྲིག་ང་བཞི་དང་ཐེར་ཆེན་གཅིག ཁྲག་ཁྲིག་ང་བདུན་དང་ཐེར་ཆེན་བརྒྱད། ཁྲག་ཁྲིག་རེ་གཅིག་དང་ཐེར་ཆེན་བརྒྱད་བཅས་ཡིན་པ་དང་། ལོ་རེའི་ཆ་སྙོམས་འཕར་ཚད་བརྒྱ་ཆའི་བདུན་དང་གྲངས་ཆུང་ལྔ་ཡིན་ལ། འདས་པའི་ལོ་བཅུའི་ནང་གི་བརྒྱ་ཆའི་བཞི་དང་གྲངས་ཆུང་དགུའི་རྒྱལ་སྲུང་འགྲོ་སོང་གི་ལོ་རེའི་ཆ་སྙོམས་འཕར་ཚད་ལས་མཐོ་བ་རེད།
རྒྱལ་སྲུང་པུའུ་ཡིས་ད་རུང་བཤད་རྒྱུར། གཙོ་བོ་རང་བདག་གི་རྒྱལ་སྲུང་ནུས་པ་འཛུགས་སྐྲུན་བྱེད་པ་དང་། ཞོར་དུ་མི་སྣའི་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། འཁོར་སྐྱོད་ཕན་འབྲས་ཇེ་མཐོར་གཏོང་བ་སོགས་ཀྱི་ཐབས་ལ་བརྟེན་ནས་རྒྱལ་སྲུང་སྟོབས་ཤུགས་ཀྱི་དོ་དམ་མ་རྩ་ཇེ་ལེགས་སུ་གཏོང་རྒྱུ་ཡིན་ཟེར།