མཉམ་འབྲེལ་རྒྱལ་ཚོགས་ཀྲུང་དབྱང་འཕྲལ་སྒྲུབ་ཐེབས་རྩ་ཚོགས་པས་མེ་སྒོར་བྱེ་བ་གསུམ་དང་ས་ཡ་གཉིས་བཏང་ནས་ཡེ་མིན་གྱི་མི་ཆོས་རིང་ལུགས་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་རེད།
2019.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཏིས་ཡཱ་ལི་ཁི་ཡིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྲུང་དབྱང་འཕྲལ་སྒྲུབ་ཐེབས་རྩ་ཚོགས་པས་མེ་སྒོར་བྱེ་བ་གསུམ་དང་ས་ཡ་གཉིས་བཏང་ནས་ཡེ་མིན་གྱི་མི་ཆོས་རིང་ལུགས་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར།
       ཏིས་ཡཱ་ལི་ཁི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། མ་དངུལ་དེས་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་ཡེ་མིན་གྱི་མི་ཆོས་རིང་ལུགས་ཀྱི་དངོས་རྒྱུན་བྱེད་སྒོར་ཤུགས་སྣོན་པར་རོགས་རམ་བྱེད་ཐུབ་པ་དང་། མཁའ་སྐྱེལ་དངོས་རྫས་ཀྱི་ཁ་གྲངས་ཇེ་མང་དུ་གཏོང་བ་དང་། ལས་བྱེད་མི་སྣ་སྔར་ལས་མང་བོ་སྐྱེལ་བ། འཕྲལ་སྒྲུབ་འཕྲིན་གཏོང་ནུས་པ་ཇེ་མཐོར་གཏོང་བ་སོགས་འདུས། མ་དངུལ་བཏང་བ་དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་ཀྱི་ཡེ་མིན་གྱི་རོགས་སྐྱོར་བྱ་བར་རྒྱབ་སྐྱོར་བྱེད་ཐུབ་ཟེར།
      ཏིས་ཡཱ་ལི་ཁི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ལོ་ཁི་ཁི་དང་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གི་ལག་བསྟར་ལས་འཛིན་པ་པུས་སི་ལེ་ཡིས་ཡེ་མིན་གྱི་འབྲེལ་ཡོད་ཕྱོགས་ཀྱིས་མི་ཆོས་རིང་ལུགས་ཀྱི་བྱ་བ་བྱེད་མཁན་ལ་ལམ་ཡིག་བྱིན་པར་དགའ་བསུ་ཞུས། ཞོར་དུ་ཡེ་མིན་གྱིས་འབྲུ་རིགས་རོགས་སྐྱོར་རྐུ་འཕྲོག་བྱས་པར་རྩོད་གཅོད་ནན་མོ་བྱེད་པ་དང་འགན་ཁུར་བར་ཐག་གཅོད་ནན་མོ་བྱེད་པའི་ཆོད་དོན་ལ་དགའ་བསུ་ཞུས།
        མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞི་གྲངས་ལྟར་ན། ཡེ་མིན་དུ་མིག་སྔར་མི་བྱེ་བ་གཉིས་དང་ས་ཡ་བཞི་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མཁོ་བ་དང་། རྒྱལ་ཡོངས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་བརྒྱད་ཅུ་ཟིན། དེའི་ནང་མི་བྱེ་བ་གཅིག་ཟས་རིགས་དཀོན་པའི་གནད་དོན་ཚབས་ཆེན་ལ་འཕྲད་ཡོད། དེ་ལས་གཞན་ཡེ་མིན་ནང་འཁྲུག་ལས་ད་རུང་མི་ས་ཡ་གསུམ་དང་འབུམ་གསུམ་ཡུལ་འཁྱམ་མི་བྱེད་ཐབས་མེད་བྱུང་།