ཕོ་བྲང་དཀར་པོས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་གཉིས་པ་དེ་ཟླ་གཉིས་པའི་ཟླ་སྨད་དུ་སྤེལ་རྒྱུའི་ཚུལ་བསྟན། 
2019.01.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 69

འདི་ནི་ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན། ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་ནས་པར་དུ་བླངས་པའི་ཕོ་བྲང་དཀར་པོ་རེད། 

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་གཉིས་པ་དེ་ཟླ་གཉིས་པའི་ཟླ་སྨད་དུ་སྤེལ་རྒྱུ་ཡིན་པ་དང་། གྲོས་མོལ་བྱེད་སའི་གནས་ཡུལ་རྗེས་ནས་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་སིང་ཏི་སི་ཡིས་ཉིན་དེའི་ཕྱི་དྲོའི་གསལ་སྒྲོག་ཅིག་ལས་གནས་ཚུལ་དེ་ཁྱབ་སྒྲོག་བྱས་པ་རེད། གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཉིན་དེའི་ཉིན་གུང་ཕོ་བྲང་དཀར་པོ་ནས་འཚམས་འདྲིར་ཡོང་བའི་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཅིན་དབྱིན་ཀྲི་ལ་ཐུག་འཕྲད་བྱས་ཏེ། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་དང་ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པའི་གྲོས་མོལ་ཐེངས་གཉིས་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། ཐུག་འཕྲད་དེ་ཧ་ལམ་དུས་ཚོད་ཕྱེད་ཀ་ཙམ་འགོར། 

དེ་ལས་གཞན་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཉིན་དེའི་སྔ་དྲོར་ཝ་ཧྲིན་ཐོན་ནས་ཅིན་དབྱིན་ཀྲི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པས་སིང་ག་ཕོར་ནས་གྲོས་མོལ་བྱེད་སྐབས་ཀྱི་དམ་བཅའ་ལག་ལེན་དུ་བསྟར་བར་སྐུལ་འདེད་གཏོང་བའི་ཐད་གྲོས་བསྡུར་བྱས། ཨ་མེ་རི་ཁའི་ཁྲའོ་ཞན་སྲིད་ཇུས་ཀྱི་དམིགས་བསལ་འཐུས་མི་པུས་ཀིན་གྲོས་མོལ་ལ་ཞུགས།