ཀུའུ་ཐི་ལོས་སི་ཡིས་ད་ལྟ་སྔོན་གྱི་དུས་སྐབས་གང་རུང་ལས་ཀྱང་ཕྱོགས་མང་རིང་ལུགས་དགོས་གལ་ཆེ་བའི་ཚུལ་བསྟན། 
2019.01.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་བརྒྱད་ཉིན་ཉིས་སྟོང་བཅུ་དགུ་ལོའི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ཐོག་མ་སྤེལ། ཁོས་བསྟན་དོན། རྒྱལ་ཁབ་གང་རུང་གིས་ཁེར་རྐྱང་དུ་འཛམ་གླིང་རང་བཞིན་གྱི་ཐག་གཅོད་ཇུས་གཞི་ཞིག་འདོན་སྤྲོད་བྱེད་ཐབས་མེད། ང་ཚོར་ད་ལྟ་སྔོན་གྱི་དུས་སྐབས་གང་རུང་ལས་ཀྱང་ཕྱོགས་མང་རིང་ལུགས་དགོས་གལ་ཆེ་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། འཛམ་གླིང་ཧྲིལ་བོ་ནམ་ཟླའི་འགྱུར་ལྡོག་དང་གནས་སྤོར་སྡོད་དམངས་། འཇིགས་སྐུལ་རིང་ལུགས་བཅས་ཀྱི་འཇིགས་ཉེན་སྣ་ཚོགས་ལ་འཕྲད་ཡོད། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་དེར་འཛམ་གླིང་རང་བཞིན་གྱི་ཐག་གཅོད་ཇུས་གཞི་མཁོ། ཁོས་བལྟས་ན། རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་ལས་ཁུངས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་ཆེས་ཆེན་པོ་ནི་བྱེ་བྲག་གི་དྲིས་ལན་ཡོད་པའི་ཐག་གཅོད་ཇུས་གཞི་ཞིག་འདོན་སྤྲོད་བྱས་ཏེ། མི་རྣམས་ཀྱི་འཇིགས་དངངས་དང་སེམས་ཁུར་སྣ་ཚོགས་ཞི་འཇགས་སུ་གཏོང་རྒྱུ་དེ་ཡིན་པར་འདོད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་འོངས་པའི་འབད་བརྩོན་ཁ་ཕྱོགས་ཐད་ནས་ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱེ་བྲག་གི་ཐག་གཅོད་ཇུས་གཞི་ལ་བརྟེན་ནས་རྗེས་ལུས་ཀྱི་མི་ཚོགས་དག་གི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་བ་དང་། ཁྱད་པར་དུ་ཁོ་ཚོའི་ཉིན་རྒྱུན་གྱི་དཀའ་ཁག་ཐག་གཅོད་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན་ཟེར། 

ཀུའུ་ཐི་ལོས་སི་ཡིས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་བཅོ་བརྒྱད་ལོར་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་དང་། ཡུལ་གྱར་བ་དང་གནས་སྤོར་སྡོད་དམངས་ཀྱི་གནད་དོན་ཐག་གཅོད་བྱེད་པ་སོགས་ཀྱི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཕྱིར་དྲན་བྱས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་བཅོས་བསྒྱུར་བྱེད་པའི་གནས་ཚུལ་གླེང་སྐབས་ཁོས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅོས་བསྒྱུར་ལ་གྲུབ་འབྲས་ཅུང་ཆེན་པོ་ཐོབ་ཡོད་པ་དང་། ང་ཚོས་ད་ལྟ་བསྒྲུབ་བཞིན་པའི་ཡོད་ཚད་ནི་ང་ཚོས་སྔོན་ཆད་བཅོས་བསྒྱུར་བྱེད་པར་ཁས་ལེན་བྱས་པ་ཏག་ཏག་ཡིན་ཟེར། 

ཀུའུ་ཐི་ལོས་སི་ཡིས་ད་རུང་གསར་འགོད་པས་བཏོན་པའི་ཞི་བདེ་སྲུང་སྐྱོབ་གྲོན་དངུལ་དཀོན་པ་དང་། སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ། བརྒྱུད་གཅིག་ལམ་གཅིག་གི་འདོད་བློ། དེ་མིན་འབར་མའི་ཡུལ་གྱར་བ་སོགས་གནད་དོན་ཐད་ཀྱི་དྲི་བར་ལན་བཏབ།