སྐབས་བདུན་པའི་འཛམ་གླིང་སྲིད་གཞུང་གི་མཐོ་རིམ་གྲོས་ཚོགས་ནས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་སོགས་གྲོས་གཞིར་གྲོས་བསྡུར་བྱས།
2019.02.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

སྐབས་བདུན་པའི་འཛམ་གླིང་སྲིད་གཞུང་གི་མཐོ་རིམ་གྲོས་ཚོགས་ཚེས་བཅུ་ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་ནས་ཚོགས་མགོ་བརྩམས། རྒྱལ་ཁབ་དང་ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་བཅས་བརྒྱ་དང་བཞི་བཅུ་ལྷག་ནས་ཡོང་བའི་འཐུས་མི་སྟོང་བཞི་ལྷག་གྲོས་ཚོགས་ལ་ཞུགས་ཏེ། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་གསར་གཏོད་དང་ལེགས་བཅོས་བྱེད་པ་དང་། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ། མིས་བཟོས་རིག་ནུས་སྤྱོད་སྒོ་དང་ཚན་རྩལ་གྱིས་ཇི་ལྟར་མིའི་རིགས་ཀྱི་མ་འོངས་པ་བཅོས་བསྒྱུར་བྱེད་པ་སོགས་སོགས་གྲོས་གཞིའི་ཐད་ནས་བརྗེ་རེས་དང་གྲོས་བསྡུར་བྱས།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་གཞོན་པ་དང་ཙུང་ལིའི་འགན་གཅིག་ལྕོགས་སུ་ཁུར་མཁན། ཏིས་པེད་ཀྱི་ཚོ་དཔོན་མུའུ་ཧན་མའོ་ཏི་ཡིས་མཐོ་རིམ་གྲོས་ཚོགས་མགོ་མ་བརྩམས་གོང་བསྟན་དོན། འཛམ་གླིང་སྲིད་གཞུང་གི་མཐོ་རིམ་གྲོས་ཚོགས་ཀྱི་དམིགས་འབེན་གཙོ་བོ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཁྱབ་ཁོངས་མི་འདྲ་བའི་མ་འོངས་པའི་འཕེལ་རྒྱས་ཁ་ཕྱོགས་སྔོན་དཔག་བྱེད་པ་དང་། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལེགས་བཅོས་བྱེད་པར་དམིགས་ཡོད། མཐོ་རིམ་གྲོས་ཚོགས་ནས་ཕྱོགས་སོ་སོའི་བསམ་ཚུལ་གཅིག་བསྡུ་བྱས་ཏེ་མི་དམངས་ལ་བདེ་སྐྱིད་ལྡན་པར་བྱ་དགོས་ཟེར།
འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་སྲོལ་འབྱེད་མཁན་དང་ལག་བསྟར་ཀྲུའུ་ཞི་ཧྲི་ཝ་པུའུ་ཡིས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། བཟོ་ལས་གསར་བརྗེ་ཐེངས་བཞི་བར་མྱུར་ཞིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འབྱུང་བཞིན་ཡོད་པ་དང་། གཏན་འཇགས་མིན་པའི་རྒྱུ་རྐྱེན་མང་དུ་གནས། དེའི་ཞོར་དུ་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་དེ་ཡང་ལམ་གྱི་བཞི་མདོར་གནས་ཡོད་ཟེར། ཁོས་རྒྱུན་མཐུད་འཕེལ་རྒྱས་དང་བཟོད་སྒོམ་རང་བཞིན་གྱི་འཛམ་གླིང་ཅན་གྱི་པར་གཞི་བཞི་བས་མ་འོངས་པའི་ཉེན་ཁ་དང་འགྲན་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
སྐབས་འདིའི་འཛམ་གླིང་སྲིད་གཞུང་གི་མཐོ་རིམ་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གསུམ་རེད། དེའི་སྐབས་སུ་གླེང་སྟེགས་བཅུ་དྲུག་དང་ཆེད་དོན་དཔྱད་གླེང་ཚོགས་འདུ་ཉིས་བརྒྱ་སྤེལ་རྒྱུ་ཡིན་ལ། གཏམ་བཤད་མཁན་དྲུག་བརྒྱ་གདན་ཞུ་བྱས་ཏེ་རང་རང་གི་བསམ་ཚུལ་བརྗོད་རྒྱུ་རེད།