ཨ་མེ་རི་ཁའི་ཆེད་མངག་ཕོ་ཉ་ཡིས་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་རྒྱལ་ཁབ་མང་བོར་འཚམས་འདྲི་བྱས་ཏེ་ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཆར་གཞིར་གྲོས་བསྡུར་བྱེད་རྒྱུ་རེད།
2019.02.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཨ་ཧྥུའུ་ཧན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཧཱ་ལེ་ལེ་ཀྲ་ཏི་ཡིས་ཉེ་བའི་གཟའ་འཁོར་གཉིས་ཀྱི་ནང་ཁཱ་ཐར་དང་ཨ་ཧྥུའུ་ཧན་འདུས་པའི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་རྒྱལ་ཁབ་རེ་འགར་འཚམས་འདྲི་བྱས་ཏེ། མུ་མཐུད་དུ་ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཆར་གཞི་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།
ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྟན་དོན། ཧཱ་ལེ་ལེ་ཀྲ་ཏི་ཡིས་ཟླ་གཉིས་པའི་ཚེས་བཅུ་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་པུ་ལི་ཧྲི་དང་། འཇར་མན། ཐུར་ཁེ། ཁཱ་ཐར། ཨ་ཧྥུའུ་ཧན། ཕཱ་ཁི་སི་ཐན་བཅས་ལ་འཚམས་འདྲི་བྱེད་རྒྱུ་རེད་ཟེར། ཨ་མེ་རི་ཁའི་སྲིད་གཞུང་གིས་ཅང་མ་འགོར་བའི་སྔོན་ཐཱ་ལེ་པན་གྱི་འཐུས་མི་དང་མཉམ་དུ་གྲོས་མོལ་བྱས་མྱོང་།
བསྒྲགས་པ་ལྟར་ན། ཧཱ་ལེ་ལེ་ཀྲ་ཏི་ཡིས་མནའ་མཐུན་གྲོགས་པོའི་བར་གྲོས་མོལ་བྱས་ཏེ། མཉམ་དུ་འབད་བརྩོན་བྱས་ཏེ་ཨ་ཧྥུའུ་ཧན་གྱི་གནད་དོན་ཐག་གཅོད་བྱེད་པར་ཡར་སྐུལ་ཇི་ལྟར་གཏོང་བར་གྲོས་མོལ་བྱེད་རྒྱུ་མ་ཟད། འཚམས་འདྲིའི་སྐབས་སུ་ཨ་ཧྥུའུ་ཧན་གྱི་སྲིད་གཞུང་བར་གྲོས་མོལ་བྱེད་རྒྱུ་རེད།
ཨ་ཧྥུའུ་ཧན་སྲིད་གཞུང་གིས་དེའི་སྔོན་བསྟན་དོན། ཨ་མེ་རི་ཁས་ཕྱོགས་གཅིག་ནས་ཐཱ་ལེ་པན་བར་གྲོས་མོལ་བྱས་པར་དགའ་བོ་མེད་ལ། ཐེངས་འདིའི་གྲོས་མོལ་གྱི་གྲུབ་འབྲས་ནི་ཨ་མེ་རི་ཁའི་དམག་དཔུང་ཨ་ཧྥུའུ་ཧན་ལས་ཕྱིར་འཐེན་བྱེད་ཀྱང་སྲིད། གལ་ཏེ་ཨ་མེ་རི་ཁས་དམག་དཔུང་ཕྱིར་འཐེན་བྱས་ན། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡིས་མགོ་ཁྲིད་པའི་ཨ་ཧྥུའུ་ཧན་སྲིད་གཞུང་འཇིགས་ཉེན་ལ་འཕྲད་སྲིད་ཟེར།
ཧཱ་ལེ་ལེ་ཀྲ་ཏི་ཡིས་སྐོར་ཐེངས་སྔོན་མར་ཐཱ་ལེ་པན་བར་གྲོས་མོལ་བྱས་རྗེས་བསྟན་དོན། གྲོས་མོལ་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཟེར། བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་བཀོད་པའི་ཐུན་མོང་གི་ལྟ་ཚུལ་ལ་ཕྱི་རྒྱལ་གྱི་དམག་དཔུང་དེ་ཞི་བདེའི་གྲོས་མཐུན་བཀོད་རྗེས་ཀྱི་ཟླ་ངོ་བཅོ་བརྒྱད་ནང་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱེད་པ་སོགས་འདུས་ཟེར།