ཐུར་ཁེ་ཡིས་ཨེ་ཆིན་མཚོ་ཁོངས་ནས་ཁྲིམས་འགལ་གནས་སྤོར་སྡོད་དམངས་རེ་དགུ་བསྐྱབས།
2019.02.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 54

ཐུར་ཁེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཚེས་བཅུ་གཅིག་ཉིན་ཐུར་ཁེའི་ཨེ་ཆིན་མཚོ་ཁོངས་ནས་ཞི་ལཱ་རུ་ལྐོག་འབྲོས་བྱེད་རྩིས་ཡོད་པའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་རེ་དགུ་བསྐྱབས་པ་དང་། དེའི་ནང་བྱིས་པ་སོ་དྲུག་ཡོད་ཟེར།
བསྒྲགས་པ་ལྟར་ན། ཁྲིམས་འགལ་གནས་སྤོར་སྡོད་དམངས་དེ་དག་བསྡད་ཡོད་པའི་དབུགས་ལྡན་གྲུ་གཟིངས་དེ་ཐུར་ཁེའི་ལྷོ་ནུབ་ཕྱོགས་ཀྱི་ཨེ་ཏིན་ཞིང་ཆེན་གྱི་ཁུའུ་ཧྲ་ཏཱ་སི་གྲོང་ཁྱེར་དུ་བསླེབ་དུས་སྒུལ་འཁོར་ལ་ཆག་སྐྱོན་བྱུང་སྟེ་གྲུ་གཟིངས་ཁ་ལོ་བྱེད་ཐབས་མེད་པར་གྱུར། དབུགས་ལྡན་གྲུ་གཟིངས་དེ་རྒྱ་མཚོར་ནུབ་ལ་ཉེ་སྐབས། ཐུར་ཁེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གི་མི་སྣ་བསླེབས་ཏེ། གྲུ་གཟིངས་སྟེང་གི་མི་སྣ་ཚང་མ་བསྐྱབས་པ་རེད།
ཐུར་ཁེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཁྱབ་སྒྲོག་བྱས་པའི་རྒྱུ་ཆ་གསར་བ་ལྟར་ན། ད་ལོའི་ཚུན་ལ་བསྡོམས་པས་མི་སྟོང་གཅིག་དང་དྲུག་བརྒྱ་ལྷག་ཐུར་ཁེ་ནས་ཞི་ལཱ་གླིང་ཚོམས་སུ་ལྐོག་འབྲོས་བྱེད་རྩིས་བྱས་པ་དང་། ན་ནིང་གི་དུས་མཉམ་ལས་མི་ལྔ་བརྒྱ་དང་དགུ་བཅུ་ཇེ་ཉུང་དུ་སོང་ཡོད།