ཐི་ལང་ཕུའུ་ཡིས་ཨ་མེ་རི་ཁའི་མིའི་ཐབས་ཀྱི་རིག་ནུས་འཕེལ་རྒྱས་གྲོས་གཞིའི་སྟེང་མིང་བཀོད།
2019.02.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཚེས་བཅུ་གཅིག་ཉིན་སྲིད་འཛིན་བཀའ་ཁྱབ་ཅིག་གི་སྟེང་མིང་བཀོད་ནས། ཨ་མེ་རི་ཁའི་མིའི་ཐབས་ཀྱི་རིག་གནས་གྲོས་གཞི་ཞེས་པ་ལག་བསྟར་བྱེད་འགོ་བརྩམས་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་འཐབ་ཇུས་ཀྱི་ངོས་ནས་མ་དངུལ་དང་ཐོན་ཁུངས་སྔར་ལས་མང་པོ་མིའི་ཐབས་ཀྱི་རིག་ནུས་ཞིབ་འཇུག་གསར་སྤེལ་ཐད་བཀོལ་རྒྱུ་དང་། འཐབ་ཇུས་ཀྱི་འགྲན་རྩོད་པ་དང་ཕྱི་རྒྱལ་གྱི་འགྲན་ཡའི་འགྲན་རྩོད་ལ་ཁ་གཏད་འཇལ་ནས། ཨ་མེ་རི་ཁའི་ཁྱབ་ཁོངས་དེའི་སྔོན་ཐོན་གོ་གནས་ལ་ཁག་ཐེག་བྱེད་རྒྱུ་དེ་རེད།

ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་ཚན་རྩལ་སྲིད་ཇུས་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་བསྒྲགས་ཤིག་སྤེལ་ནས་བཤད་རྒྱུར། ཨ་མེ་རི་ཁ་ནི་མིའི་ཐབས་ཀྱི་རིག་ནུས་ལག་རྩལ་སྔོན་ལ་གསར་སྤེལ་བྱེད་མཁན་དང་རྒྱལ་སྤྱིའི་འགོ་ཁྲིད་པ་ཡིན་མོད། ཡིན་ནའང་འཛམ་གླིང་ཡོངས་ཀྱི་མིའི་ཐབས་ཀྱི་རིག་ནུས་ཁྱབ་ཁོངས་མྱུར་དུ་གསར་སྐྲུན་བྱས་པ་དང་བསྟུན་ནས། ང་ཚོ་རང་དགར་བསྡད་དེ་སྔོན་ཐོན་གྱི་གོ་གནས་ནམ་ཡང་སྲུང་ཐུབ་པར་འདོད་མི་རུང་ཟེར།

གྲོས་གཞི་དེས་འཐབ་ཇུས་ཀྱི་འགྲན་རྩོད་པ་དང་ཕྱི་རྒྱལ་གྱི་འགྲན་ཡར་ཁ་གཏད་འཇལ་རྒྱུ་བསྟན་ཡོད་པར་མ་ཟད། རྒྱལ་ཁབ་གཞན་དག་ལ་ཁྱབ་ཁོངས་དེ་ནས་མཉམ་ལས་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་མོད། ཡིན་ནའང་ཨ་མེ་རི་ཁའི་རིན་ཐང་དང་ཁེ་ཕན་ལ་མཐུན་དགོས་ཞེས་ནན་གྱིས་བསྟན་ཡོད། གྲོས་གཞི་དེའི་ནང་དུ་མིག་སྔར་མ་དངུལ་གཏོང་བའི་འཆར་གཞི་ཞིབ་མོ་བཀོད་མེད་པ་དང་། མ་དངུལ་ཇི་ལྟར་བཀོད་སྒྲིག་བྱེད་པ་ནི་རྒྱལ་ཚོགས་ཀྱིས་ཐག་གཅོད་རྒྱུ་རེད།

གྲོས་གཞི་དེའི་ནང་དུ་ཁྱབ་ཁོངས་གཙོ་བོ་ལྔ་བཏོན་ཡོད་དེ། གཅིག ཞིབ་འཇུག་གསར་སྤེལ་ཁྱབ་ཁོངས་ནས་མིའི་ཐབས་ཀྱི་རིག་ནུས་ལག་རྩལ་ནི་རྨང་གཞི་རང་བཞིན་གྱི་ཞིབ་འཇུག་གསར་སྤེལ་གྱི་མ་དངུལ་གཏོང་ཡུལ་གཙོ་བོར་བརྩིས་ཏེ། ཨ་མེ་རི་ཁའི་ཐོན་སྐྱེད་དང་སློབ་སྦྱོང་། ཞིབ་འཇུག་བཅས་གཞི་གཅིག་ཅན་གྱི་ཞིབ་འཇུག་གསར་སྤེལ་གྱི་སྐྱེ་ཁམས་ཇེ་དྲག་ཏུ་གཏོང་རྒྱུ་རེད། གཉིས། ཐོན་ཁུངས་བཀོད་སྒྲིག་གི་ཐད་ནས་སྲིད་གཞུང་གི་གཞི་གྲངས་དང་རྩིས་ཐབས། རྩིས་འཁོར་ཐག་གཅོད་ཐོན་ཁུངས་སྔར་ལས་མང་པོས་ཨ་མེ་རི་ཁའི་མིའི་ཐབས་ཀྱི་རིག་ནུས་ཞིབ་འཇུག་གསར་སྤེལ་མི་སྣ་དང་ཁེ་ལས་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད། གསུམ། སྲིད་ཇུས་ཀྱི་ཕྱོགས་ནས་ཕོ་བྲང་དཀར་པོའི་ཚན་རྩལ་སྲིད་ཇུས་གཞུང་སྒྲུབ་ཁང་དང་ཚོང་དོན་པུའུ་ཡི་ཁོངས་སུ་གཏོགས་པའི་རྒྱལ་ཁབ་ཚད་གཞི་དང་ལག་རྩལ་ཞིབ་འཇུག་ཁང་གིས་མིའི་ཐབས་ཀྱི་རིག་ནུས་བཅོས་སྐྱོང་ཚད་གཞི་གཏན་འབེབས་བྱེད་པ་དང་། ཡིད་རྟོན་རུང་བ་དང་ཕན་འབྲས་ལྡན་པ། བློ་གཏད་ཆོག་པ། བདེ་འཇགས་ཡིན་པ། སྟབས་བདེ་བ། ལག་བསྟར་བྱེད་ཆོག་པ་བཅས་ཀྱི་མིའི་ཐབས་ཀྱི་རིག་ནུས་མ་ལག་གི་ལག་རྩལ་ཚད་གཞི་གཏན་ཁེལ་བྱ་རྒྱུ་རེད། བཞི། མི་ཤུགས་ཐོན་ཁུངས་ཀྱི་སྐྱེད་སྲིང་དང་གྲ་སྒྲིག་གི་ཕྱོགས་ནས། སློབ་བུའི་ལམ་ལུགས་དང་། ལག་རྩལ་གསོ་སྦྱོང་། བྱ་དགའི་དངུལ་དང་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གསོ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཨ་མེ་རི་ཁའི་ཐོན་ལས་བཟོ་པ་རྣམས་ལ་མིའི་ཐབས་ཀྱི་རིག་ནུས་ཀྱིས་བསྐྱེད་པའི་འགྱུར་ལྡོག་སྣ་ཚོགས་ལ་འཕྲོད་པར་མ་ཟད་འབྲེལ་ཡོད་ལག་རྩལ་སློབ་སྦྱོང་བྱེད་པར་རོགས་རམ་བྱ་རྒྱུ་རེད། ལྔ། རྒྱལ་སྤྱིའི་མཉམ་ལས་ཀྱི་ཕྱོགས་ནས། ཨ་མེ་རི་ཁས་མིའི་ཐབས་ཀྱི་རིག་ནུས་ཁྱབ་ཁོངས་ནས་འཛམ་གླིང་གི་རྒྱལ་ཁབ་གཞན་དག་དང་མཉམ་ལས་བྱ་རྒྱ་ཡིན་མོད། ཡིན་ནའང་ལག་རྩལ་གྱི་འཕེལ་ཕྱོགས་དེ་ཨ་མེ་རི་ཁའི་རིན་ཐང་དང་ཁེ་ཕན་ལ་འཚམ་དགོས།

འདི་ནི་ཨ་མེ་རི་ཁའི་སྲིད་གཞུང་གིས་ཐོག་དང་པོར་གཏན་འབེབས་བྱས་པའི་རྒྱལ་ཁབ་རིམ་པའི་མིའི་ཐབས་ཀྱི་རིག་ནུས་ཡར་སྐུལ་འཆར་གཞི་རེད། དེའི་སྔོན་ལ་ཁ་ན་ཏ་དང་འཇར་པན། དབྱིན་ཇི་སོགས་རྒྱལ་ཁབ་ཀྱིས་སྔ་གཞུག་ཏུ་མིའི་ཐབས་ཀྱི་རིག་ནུས་ཀྱི་རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་བསྒྲགས་པ་རེད། ཉིས་སྟོང་བཅུ་བདུན་ལོའི་ཟླ་བདུན་པར། ཀྲུང་གོའི་རྒྱལ་ཁབ་རིམ་པའི་མིའི་ཐབས་ཀྱི་རིག་ནུས་འཕེལ་རྒྱས་འཆར་གཞི་ཐོག་མ་སྟེ་རབས་གསར་པའི་མིའི་ཐབས་ཀྱི་རིག་ནུས་འཕེལ་རྒྱས་འཆར་གཞི་ཞེས་པ་དེ་གཏན་འབེབས་བྱས་ནས། རབས་གསར་པའི་མིའི་ཐབས་ཀྱི་རིག་ནུས་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་རིམ་པར་གོང་འཕེལ་དུ་བཏང་བ་རེད།