དབྱི་ལང་གིས་དབྱི་སི་ལན་གསར་བརྗེ་སྤེལ་ནས་ལོ་བཞི་བཅུ་འཁོར་བའི་དྲན་གསོའི་བྱ་འགུལ་སྤེལ་ནས་ཨ་མེ་རི་ཁར་ངོ་རྒོལ་བྱས།
2019.02.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 51

དབྱི་ལང་གི་རྒྱལ་ཡོངས་ཀྱི་ས་ཆ་སོ་སོས་ཚེས་བཅུ་གཅིག་ཉིན་དབྱི་སི་ལན་གསར་བརྗེ་སྤེལ་ནས་ལོ་བཞི་བཅུ་འཁོར་བའི་དྲན་གསོའི་བྱ་འགུལ་སྤེལ་བ་དང་། དབྱི་ལང་གི་སྲིད་ཕྱོགས་དང་དམག་ཕྱོགས་ཀྱི་འགོ་ཁྲིད་པས་གཏམ་བཤད་ནས་ཨ་མེ་རི་ཁར་རྣམ་འགྱུར་བཙན་པོ་བསྟན།

དབྱི་ལང་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། མི་ས་ཡ་འགའ་དྲན་གསོའི་བྱ་འགུལ་ལ་ཞུགས་ཏེ། ཨ་མེ་རི་ཁ་དང་དབྱི་སི་རལ་ལ་ངོ་རྒོལ་བྱེད་པའི་ཁ་གཡང་མཐོན་པོར་བསྒྲགས་པ་དང་། རྒྱལ་ཁབ་དེ་གཉིས་ཀྱི་རྒྱལ་དར་མེར་བསྲེགས་ཟེར།

རྒྱལ་ས་ཏི་ཧེ་ལན་ནས། མང་ཚོགས་མང་པོ་གྲོང་ཁྱེར་ལྟེ་གནས་ཀྱི་རང་འདེམ་ཁྲོམ་རར་མཉམ་དུ་འདུས། དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་ཡིས་སྐར་མ་ཞེ་ལྔའི་རིང་གཏམ་བཤད་སྤེལ་ཏེ། དབྱི་ལང་བཀག་སྡོམ་ལ་སྐྲག་མི་སྲིད་པ་དང་། མུ་མཐུད་དུ་འཕུར་མདའ་སྣ་ཚོགས་གསར་སྤེལ་བྱེད་རྒྱུ་ཡིན་ཞེས་བཤད།

ལུའུ་ཧ་ཉི་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་བཀག་སྡོམ་ལ་བརྟེན་ནས། དབྱི་ལང་གི་མང་ཚོགས་ཀྱིས་དཔལ་འབྱོར་ཐད་ནས་དཀའ་ངལ་ཁ་ཤས་མྱངས་དང་མྱོང་བཞིན་ཡོད་མོད། ཡིན་ནའང་ང་ཚོས་ཕན་ཚུན་ལ་རོགས་རམ་བྱས་ཏེ་དཀའ་ངལ་སེལ་རྒྱུ་ཡིན་ལ། ཨ་མེ་རི་ཁའི་ལྐོག་གཡོ་གཏན་ནས་འགྲུབ་ཏུ་མི་འཇུག་ཟེར།

ཨ་མེ་རི་ཁའི་སྲིད་གཞུང་ན་ནིང་དབྱི་ལང་གི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་ལག་བསྟར་བྱེད་པའི་རྒྱལ་ཁབ་ཀྱི་གྲས་ནས་ཕྱིར་བུད་པར་མ་ཟད་དབྱི་ལང་ལ་ཡང་བསྐྱར་ཕྱོགས་ཡོངས་ནས་བཀག་སྡོམ་བྱས། ཙུང་ཐུང་ཐི་ལང་ཕུའུ་ཡིས་ཉིང་རྡུལ་གྲོས་ཆོད་དེར་མི་འདང་ས་ཡོད་པར་གཏན་ཁེལ་བྱས་པ་དང་། དབྱི་ལང་གི་འཕུར་མདའི་འཆར་གཞི་དང་ས་ཁུལ་ལ་ཐོན་པའི་འཇིགས་སྣང་གཉིས་མཉམ་དུ་ཐག་གཅོད་དགོས་པའི་རེ་བ་བཏོན།

ལུའུ་ཧ་ཉི་ཡིས་ཉིན་དེར་བཤད་རྒྱུར། དབྱི་ལང་གི་དྲག་ཆས་སྟོབས་ཤུགས་ལ་མཚོན་ཆའི་འབར་མདེལ་རྒྱལ་ཁབ་རང་ནས་ཐོན་སྐྱེད་བྱེད་ཚད་བརྒྱ་ཆའི་གྱ་ལྔ་རུ་གཏོང་བའི་ནུས་པ་ཡོད་ལ། མུ་མཐུད་དུ་འཕུར་མདའ་གསར་སྤེལ་བྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། ང་ཚོས་མཁའ་ཟོན་འཕུར་མདའ་དང་། བར་སྣང་ནས་གྲུ་གཟིངས་ལ་འཕེན་པའི་འཕུར་མདའ། གྲུ་གཟིངས་སྟེང་གྲུ་གཟིངས་ལ་འཕེན་པའི་འཕུར་མདའ། ས་ངོས་ནས་ས་ངོས་ལ་འཕེན་པའི་འཕུར་མདའ་བཅས་གསར་བཟོ་བྱེད་རྒྱུ་ཡིན་ལ། དེར་གཞན་གྱིས་ཆོག་མཆན་འགོད་མི་དགོས་ཟེར།

ལུའུ་ཧ་ཉི་ཡིས་དབྱི་ལང་གིས་དབུས་ཤར་ས་ཁུལ་དུ་ཐོན་པའི་ཤན་ཤུགས་སྐོར་གླེང་སྐབས་བཤད་རྒྱུར། དབྱི་ལང་གིས་དབྱི་རག་དང་སི་རི་ཡ། ལེ་པ་ནུན། ཕ་ལེ་སི་ཐན་བཅས་དང་ཡེ་མིན་གྱི་མང་ཚོགས་ལ་རོགས་རམ་བྱེད་རྒྱུའི་ཐག་བཅད་པས། ཁོ་ཚོར་རྒྱལ་ཁ་ཐོབ་པ་དེ་འཛམ་གླིང་གིས་མཐོང་ཡོད། དགྲ་བོས་ཕམ་ཁ་མྱངས་པ་ཁས་བླངས་ནས་ས་ཁུལ་དེ་དག་ནས་ཕྱིར་འཐེན་བྱེད་བཞིན་ཡོད་ཟེར།