ཐུར་ཁེས་ཉིས་སྟོང་བཅུ་དྲུག་ལོར་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་ཁྲོད་ཞུགས་པའི་དོགས་ཡོད་མི་སྣ་སྟོང་ལྷག་འཛིན་བཟུང་བྱས།
2019.02.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཐུར་ཁེའི་ཁྲིམས་འཛིན་མི་སྣས་ཚེས་བཅུ་གཉིས་ཉིན་འགུལ་སྐྱོད་སྤེལ་ནས། ཉིས་སྟོང་བཅུ་དྲུག་ལོར་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་ཁྲོད་ཞུགས་པའི་དོགས་ཡོད་མི་སྣ་སྟོང་གཅིག་ལྷག་འཛིན་བཟུང་བྱས།

ཐུར་ཁེའི་དཔོན་ཕྱོགས་ཀྱི་ཨ་ན་ཏོ་ལུའུ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། འཛིན་བཟུང་བྱེད་ཡུལ་གྱི་མི་ཆིག་སྟོང་ཆིག་བརྒྱ་བཅུ་གཉིས་ཀྱིས་ཉིས་སྟོང་བཅུ་ལོའི་ཉེན་རྟོག་པའི་རིམ་འཕར་རྒྱུགས་གཞིའི་ཁྲོད་གཡོ་སྒྱུའི་སྦྱོར་བར་བརྟེན་ནས་རྒྱུགས་གཞི་སྔོན་ལ་ཤེས་པར་དོགས་པ་ཟ་ལ། འཛིན་བཟུང་འགུལ་སྐྱོད་དེ་རྒྱལ་ས་ཨན་ཁ་ར་དང་གཞན་པའི་ཞིང་ཆེན་བདུན་ཅུ་ལྷག་ལ་ཁེབས་ཡོད་པ་དང་། དོགས་ཡོད་མི་སྣ་བརྒྱ་དང་ཉེར་བཞི་ཨན་ཁ་ར་ནས་འཛིན་བཟུང་བྱས་ཡོད་ཟེར།

ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བས་ཐུར་ཁེའི་ནང་སྲིད་པུའུ་ཡི་མི་སྣ་ཞིག་གིས་བཤད་པའི་སྐད་ཆ་དྲངས་པ་ལྟར་ན། དོགས་ཡོད་མི་སྣ་སྟོང་གཅིག་ལྷག་གི་ཁྲོད་དུ། ཉུང་མཐར་ཡང་མི་ཞེ་ལྔས་ཨན་ཁ་ར་ན་བྱ་བ་སྒྲུབ་བཞིན་ཡོད་ཟེར།

ཐུར་ཁེ་སྲིད་གཞུང་གི་བཤད་ཚུལ་ལྟར་ན། སྔོན་ཆད་ཀྱི་སྲིད་འགྱུར་སློང་མཁན་ཧྥེ་ཐི་ཧུའུ་ལཱ་ཅུའུ་ལུན་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ལོ་བཅུ་ཕྲག་འགའི་རིང་ལ་རྒྱུགས་གཞིའི་ཁྲོད་ནས་གཡོ་སྒྱུའི་སྦྱོར་བར་བརྟེན་པ་སོགས་ཀྱི་ཐབས་ལ་བརྟེན་ནས་ཉེན་རྟོག་པ་དང་ཁྲིམས་འཛིན་སྡེ་ཁག སྲིད་གཞུང་ལས་ཁུངས་བཅས་སུ་འཛུལ་ནས། སྲིད་གཞུང་ཕལ་ཆེར་དོ་མཉམ་པའི་སྟོབས་ཤུགས་ཤིག་ཆགས་ཡོད་ཟེར།

ཐུར་ཁེ་ནས་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བདུན་པར་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་ཞིག་བྱུང་། ཐུར་ཁེའི་སྲིད་གཞུང་གིས་སྲིད་འགྱུར་དེ་ནི་ཆོས་ལུགས་མི་སྣ་ཅུའུ་ལུན་དང་དེར་རྒྱབ་སྐྱོར་བྱེད་མཁན་གྱིས་གྲུབ་པའི་ཅུའུ་ལུན་ལས་འགུལ་ཞེས་པ་དེས་བསླངས་པར་གཏན་ཁེལ་བྱས་ཡོད།

སྲིད་འགྱུར་དེ་བྱུང་རྗེས། ཐུར་ཁེ་སྲིད་གཞུང་གིས་གཞི་རྒྱ་ཆེན་པོས་ཅུའུ་ལུན་ལས་འགུལ་ཞེས་པ་གཙང་སེལ་བྱས་པ་དང་། ལས་འགུལ་དེ་དམག་དཔུང་དང་ཁྲིམས་འཛིན། སློབ་གསོ་དང་སྡེ་ཁག་གཞན་པ་དག་ལ་འབྲེལ་བ་ཡོད། མི་ཁྲི་བདུན་དང་སྟོང་བདུན་ལྷག་འཛིན་བཟུང་བྱས་ནས་ཁྲིམས་གཅོད་བྱེད་རྩིས་ཡོད་ལ། སྤྱི་ཞབས་པ་དང་དམག་མི་འབུམ་གཅིག་དང་ཁྲི་ལྔ་ཙམ་གྱི་གོ་གནས་བླངས་པ་དང་ཡང་ན་ཕྱིར་འབུད་བཏང་ཡོད། རྒྱལ་སྲུང་དཔོན་པོ་ཨ་ཁ་ཨར་གྱིས་དེ་སྔོན་བཤད་རྒྱུར། དམག་མི་ཁྲི་གཅིག་དང་སྟོང་ལྔ་ལྷག་དམག་ཁོངས་ནས་ཕྱིར་འབུད་བཏང་བ་དང་། དེའི་ནང་དུ་དམག་སྤྱི་རིམ་པའི་དཔོན་རིགས་བརྒྱ་དང་ལྔ་བཅུ་ཡོད་ཟེར།

ལུའུ་ཐི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། སྲིད་འགྱུར་བྱུང་ནས་ལོ་གཉིས་དང་ཕྱེད་ཀ་འགོར་ན་ཡང་། ཐུར་ཁེ་སྲིད་གཞུང་གིས་ཅུའུ་ལུན་ལས་འགུལ་ཞེས་པ་གཙང་སེལ་བྱེད་པའི་བྱ་བ་ད་དུང་མཚམས་བཞག་མེད་ཟེར།

ཐུར་ཁེའི་སྲིད་གཞུང་གིས་དེ་སྔོན་ཅུའུ་ལུན་དང་དེར་རྒྱབ་སྐྱོར་བྱེད་མཁན་ལ་འབྲེལ་བ་ཡོད་པའི་ཁེ་ལས་བརྒྱ་ཕྲག་འགའ་ཚུར་བླངས་པ་དང་། གསར་འགྱུར་ལས་ཁུངས་བརྒྱ་ལྷག་གི་སྒོ་བརྒྱབ།

ཐུར་ཁེའི་ནང་སྲིད་པུའུ་ཀྲང་སུའུ་ལའེ་མན་གྱིས་ཚེས་བཅུ་ཉིན་བཤད་རྒྱུར། ཅུའུ་ལུན་ལ་རྒྱབ་སྐྱོར་བྱེད་མཁན་དག་ལ་དམིགས་པའི་འགུལ་སྐྱོད་ཆེན་པོ་ཞིག་སྤེལ་ནས་དེ་དག་རྩ་རྫོགས་བྱ་རྒྱུ་ཡིན་ཟེར།

ཅུའུ་ལུན་གཅིག་སྟོང་དགུ་བརྒྱ་གོ་དགུ་ལོ་ནས་ད་བར་དུ་ཨ་མེ་རི་ཁར་བསྡད་ཡོད་པ་དང་། ཁོས་སྲིད་འགྱུར་ལ་ཇུས་འགོད་བྱས་པ་ཁས་བླངས་མེད། ཐུར་ཁེ་ཕྱོགས་ཀྱིས་ཨ་མེ་རི་ཁས་ཅུའུ་ལུན་ཐུར་ཁེ་ལ་སྐྱེལ་རྒྱུའི་རེ་བ་བཏོན་ན་ཡང་། ཨ་མེ་རི་ཁས་དེ་ཁས་མ་བླངས་པར་ཐུར་ཁེ་ཕྱོགས་ཀྱིས་བདེན་དཔང་སྔར་ལས་མང་པོ་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན་ཡོད།