དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་གྱིས་དབྱི་ལང་དང་ཨ་རིའི་གནད་དོན་དེ་ཨ་མེ་རི་ཁར་གྲོས་མོལ་བྱས་ཏེ་ཐག་གཅོད་མི་སྲིད་ཅེས་བཤད།
2019.02.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 53

དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་ཧ་མཱེ་ནེ་དབྱི་ཡིས་ཚེས་བཅུ་གསུམ་ཉིན་བསྟན་དོན། དབྱི་ལང་དང་ཨ་མེ་རི་ཁའི་བར་དུ་གནས་པའི་གནད་དོན་དེ་ཨ་མེ་རི་ཁར་གྲོས་མོལ་བྱས་ཏེ་ཐག་གཅོད་མི་སྲིད་ཟེར།

ཧ་མཱེ་ནེ་དབྱི་ཡིས་ཉིན་དེར་ཁོ་རང་ཉིད་ཀྱི་དྲ་ཚིགས་སྟེང་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ད་ལྟ་དབྱི་ལང་དང་ཨ་མེ་རི་ཁའི་བར་དུ་གནས་པའི་གནད་དོན་དེ་མིག་སྔར་བལྟས་ན་ཐག་གཅོད་ཐབས་མེད། ཨ་མེ་རི་ཁར་གྲོས་མོལ་བྱས་ན་གྲུབ་འབྲས་མེད་པ་ཕར་ཞོག དེ་ལས་ལྡོག་སྟེ་དབྱི་ལང་དང་དངོས་པོ་དང་བསམ་པའི་ཐད་ནས་གྱོང་གུད་ཐེབས་ངེས་ཟེར།

ཧ་མཱེ་ནེ་དབྱི་ཡིས་དབྱི་ལང་གིས་བལྟས་ན་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་ཁ་ཤས་ནི་མགོ་གཡོག་མགོ་སྐོར་གཏོང་མཁན་ཡིན་པས་བློ་གཏོད་མི་རུང་བར་འདོད་ཅེས་བསྐྱར་བསྒྲགས་བྱས།

དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་ཡིས་ཟླ་འདིའི་ཚེས་དྲུག་ཉིན་བསྟན་དོན། གལ་ཏེ་ཨ་མེ་རི་ཁས་སྔོན་ཆད་ཀྱི་དབྱི་ལང་ལ་ངོ་རྒོལ་བྱས་པའི་སྲིད་ཇུས་ཐད་ནས་འགྱོད་བཤགས་བྱས་པར་མ་ཟད་སྐྱོན་ཆ་ཡོ་བསྲང་བྱས་ན། དབྱི་ལང་གིས་དབྱི་ལང་དང་ཨ་མེ་རི་ཁའི་འབྲེལ་བ་ལེགས་བཅོས་བྱེད་འདོད་ཡོད་ཟེར།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པར། དབྱི་ལང་དང་དབྱི་ལང་ཉིང་རྡུལ་གནད་དོན་གྱི་རྒྱལ་ཁབ་དྲུག་སྟེ་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། ཀྲུང་གོ་དང་འཇར་མན་བཅས་ཀྱི་བར་དུ་དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་བཀོད། གྲོས་ཆོད་དེ་ལྟར་ན། དབྱི་ལང་གིས་རང་གི་ཉིང་རྡུལ་འཆར་གཞི་ལ་ཚོད་འཛིན་བྱེད་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་ལང་ལ་བཀག་སྡོམ་བྱེད་མཚམས་འཇོག་དགོས། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་པར། ཨ་མེ་རི་ཁས་དབྱི་ལང་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་མཁན་གྱི་གྲས་ནས་ཕྱིར་བུད་པ་ཁྱབ་བསྒྲགས་བྱས་པ་དང་། དེའི་རྗེས་སུ་རིམ་བཞིན་ཡང་བསྐྱར་དབྱི་ལང་ལ་བཀག་སྡོམ་བྱས། ཨ་མེ་རི་ཁས་ད་དུང་ཡོ་རོབ་གླིང་གི་མནའ་གྲོགས་ལ་གནོན་ཤུགས་བྱིན་ནས། དབྱི་ལང་ལ་ཡང་བསྐྱར་བཀག་སྡོམ་བྱེད་རྒྱུའི་རེ་བ་བཏོན།