སི་རི་ཡའི་སྲིད་གཞུང་དམག་དང་ངོ་རྒོལ་ཕྱོགས་ཁག་གིས་བཟུང་དམག་བརྗེ་རེས་བྱས།
2019.02.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 50

ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གཉིས་ཉིན་བདེན་དཔང་བྱས་པ་ལྟར་ན། སི་རི་ཡའི་སྲིད་གཞུང་དམག་དང་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣས་ཉིན་དེར་སི་རི་ཡའི་ནུབ་བྱང་ཕྱོགས་ཀྱི་ཨ་ལེ་ཕོ་ཞིང་ཆེན་པ་པུའུ་གྲོང་ཁྱེར་ཉེ་འདབས་ནས་བཟུང་དམག་བརྗེ་རེས་བྱས་ཟེར།

ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་ཤིག་གི་ནང་དུ་བཤད་རྒྱུར། སི་རི་ཡའི་སྲིད་གཞུང་དམག་དང་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣས་དུས་མཉམ་དུ་བཟུང་དམག་མང་པོ་ཕྱིར་བཏང་ཟེར། གསལ་བསྒྲགས་ནང་དུ་བཟུང་དམག་བརྗེ་རེས་ཀྱི་གྲངས་ཀ་གསལ་པོར་བཤད་མེད།

དབྱིན་ཇི་ན་ཡོད་པའི་སི་རི་ཡའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས་ཀྱིས་བཤད་རྒྱུར། སྲིད་གཞུང་དམག་དང་ངོ་རྒོལ་ཕྱོགས་ཁག་གིས་སོ་སོར་བཟུང་དམག་ཉི་ཤུ་རེ་ཕྱིར་བཏང་བ་དང་། དེའི་ནང་དུ་བུད་མེད་ཀྱང་ཡོད་ཟེར།

ཧྥ་རན་སིའི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་བཟུང་དམག་བརྗེ་རེས་ལ་ཨུ་རུ་སི་དང་དབྱི་ལང་། ཐུར་ཁེ་བཅས་ཕྱོགས་གསུམ་གྱིས་ཡར་སྐུལ་བྱས་པ་དང་། རྒྱལ་ཁབ་དེ་གསུམ་གྱི་འགོ་ཁྲིད་པས་ཚེས་བཅུ་བཞི་ཉིན་ཨུ་རུ་སིའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་སཱོ་ཆི་ནས་གྲོས་ཚོགས་བསྡུས་ཏེ། ཨ་སི་ཐ་ནའི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་རེད་ཟེར།

ཨུ་རུ་སིའི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། ཨུ་རུ་སི་དང་ཐུར་ཁེ། དབྱི་ལང་བཅས་རྒྱལ་ཁབ་གསུམ་གྱི་ཙུང་ཐུང་གིས་སྐབས་དེར་སི་རི་ཡའི་ནུབ་བྱང་ཕྱོགས་ཀྱི་དབྱི་ཏི་ལེ་པུའུ་ས་ཁུལ་གྱི་གནས་བབ་དང་ཨ་མེ་རི་ཁས་སི་རི་ཡ་ནས་དམག་དཔུང་ཕྱིར་འཐེན་བྱེད་པ་སོགས་ཀྱི་དོན་དག་གི་སྐོར་ནས་གྲོས་སྡུར་བྱ་རྒྱུ་རེད་ཟེར།

ཐུར་ཁེ་དང་ཨུ་རུ་སི། དབྱི་ལང་བཅས་བར་དུ་སི་རི་ཡ་རུ་ཁེ་ཕན་ཐད་ནས་འགལ་བ་བྱུང་ཡོད། ཐུར་ཁེས་སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱས་ཏེ། པ་ཧྲ་ཨར་སྲིད་དབང་རྩ་རྫོགས་བྱེད་རྩིས་བྱས་མྱོང་། ཨུ་རུ་སི་དང་དབྱི་ལང་གིས་སི་རི་ཡའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་ཏེ། པ་ཧྲ་ཨར་གྱི་རེ་བ་ལྟར་དམག་དོན་མི་སྣ་མངགས་ཡོད། ཨ་མེ་རི་ཁ་སི་རི་ཡའི་དམག་འཁྲུག་ཁྲོད་ཞུགས་རྗེས། ཐུར་ཁེ་དང་ཨུ་རུ་སི་གཉིས་ཀྱི་འབྲེལ་བ་ཇེ་བཟང་ནས་ཇེ་བཟང་དུ་སོང་། རྒྱལ་ཁབ་དེ་གསུམ་གྱིས་ཧ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐ་ན་ནས་སི་རི་ཡའི་གནད་དོན་སྐོར་གྱི་མཐོ་རིམ་གྲོས་མོལ་ཐེངས་མང་པོར་སྤེལ་མྱོང་།