ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཨུ་རུ་སིས་ཝེ་ནེ་ཙུའེ་ལའི་གནད་དོན་གྱི་ཕྱོགས་མང་མཐུན་སྦྱོར་བྱ་བར་ཞུགས་པར་གྲ་སྒྲིག་བྱས་ཡོད་ཅེས་བཤད།
2019.02.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 89

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ལོ་ཝ་ཡིས་ཚེས་བཅུ་བཞི་ཉིན་བཤད་རྒྱུར། ཨུ་རུ་སིས་ཝེ་ནེ་ཙུའེ་ལའི་གནད་དོན་གྱི་མཐུན་སྦྱོར་བྱ་བར་ཞུགས་པར་གྲ་སྒྲིག་བཟང་པོ་བྱས་ཡོད་མོད། ཡིན་ནའང་བྱ་བ་དེ་ངེས་པར་དུ་ཆེས་རྒྱ་ཆེ་བའི་ཟབ་ཞུགས་ཀྱི་གཞི་ཁྱོན་འོག་ཏུ་སྤེལ་དགོས་ཟེར།

ཀྲ་ཧ་ལོ་ཝ་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་བསྟན་དོན། མའོ་ཞི་ཁོ་དང་ཝུ་ར་ཀོས། ཅ་ལེ་པེ་རྒྱལ་ཁབ་དག་གིས་མཉམ་དུ་གྲོས་འགོ་བཏོན་པའི་འབྲེལ་ཡོད་མཐུན་སྦྱོར་རྐྱེན་སྲོལ་ལ་རྒྱ་ཆེ་བའི་དཀྱེལ་ཡངས་རང་བཞིན་ལྡན་པ་དང་། དེའི་ནང་དུ་མཇུག་མཐའི་ཉེན་བརྡ་དང་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་གཏན་ཁེལ་བྱས་མེད་པས། ཨུ་རུ་སིས་དེར་དོ་སྣང་བྱས་པར་མ་ཟད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད། ཨུ་རུ་སིས་བྱ་བ་དེའི་ཁྲོད་དུ་ཞུགས་པར་གྲ་སྒྲིག་བཟང་པོ་བྱས་ཡོད་པ་དང་། ཝེ་ནེ་ཙུའེ་ལ་ཉེན་ཚབས་ལས་ཐར་བའི་ཆེད་དུ་རང་གི་སྟོབས་ཤུགས་འབུལ་འདོད་ཡོད་ཟེར།

ཀྲ་ཧ་ལོ་ཝ་ཡིས་བསྟན་དོན། ཝེ་ནེ་ཙུའེ་ལའི་གནད་དོན་གྱི་འབྲེལ་ཡོད་ཕྱོགས་སོ་སོས་ངེས་པར་དུ་ཝེ་ནེ་ཙུའེ་ལའི་རྒྱལ་ནང་གི་ཆབ་སྲིད་གནས་བབ་ཚབས་ཆེན་དུ་གཏོང་སྲིད་པའི་བྱ་སྤྱོད་དང་གསལ་བསྒྲགས་ཅི་ཡང་འབྱུང་བར་བྱ་མི་རུང་། ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨ་མེ་རི་ཁ་ཕྱོགས་ལ་ཝེ་ནེ་ཙུའེ་ལའི་ནང་སྲིད་ལ་ཐེ་གཏོགས་བྱ་མི་རུང་བའི་ཉེན་བརྡ་བཏང་ཡོད་ཟེར།

ཟླ་འདིའི་ཚེས་བདུན་ཉིན། ཝེ་ནེ་ཙུའེ་ལའི་གནད་དོན་གྱི་རྒྱལ་སྤྱིའི་འབྲེལ་འདྲིས་ཚན་ཆུང་གི་གྲོས་ཚོགས་ཝུ་ར་ཀོས་རྒྱལ་ཁབ་ཀྱི་རྒྱལ་ས་མིན་ཏི་ཝེ་ཏི་ཡ་ནས་བསྡུས། ལཱ་ཏེན་མེ་གླིང་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་ལྷག་གི་འཐུས་ཚབ་པ་གྲོས་ཚོགས་ལ་ཞུགས་པ་དང་། གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བའི་གསལ་བསྒྲགས་ནང་དུ་ཞི་བའི་ཐབས་ལ་བརྟེན་ནས་ཝེ་ནེ་ཙུའེ་ལའི་གནད་དོན་ཐག་གཅོད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཝེ་ནེ་ཙུའེ་ལས་མྱུར་དུ་ཙུང་ཐུང་གི་འདེམ་བསྐོ་བསྡུ་རྒྱུའི་རེ་བ་བཏོན་ཡོད། དེའི་སྔོན་ཉིན་མོར། མའོ་ཞི་ཁོ་དང་ཝུ་ར་ཀོས་ཀྱིས་མཉམ་དུ་གོ་རིམ་བཞི་བརྒྱུད་དེ་ཝེ་ནེ་ཙུའེ་ལའི་གནད་དོན་ཐག་གཅོད་པའི་མིན་ཏི་ཝེ་ཏི་ཡའི་རྐྱེན་སྲོལ་ཞེས་པ་བཏོན་ལ། དེའི་ནང་དུ་མྱུར་དུ་གྲོས་མོལ་བྱེད་པ་དང་ཐུན་མོང་གིས་གྲོས་སྡུར་བྱེད་པ། གྲོས་ཆོད་འགོད་པ། ལག་བསྟར་ཇུས་གཞི་བཅས་བཏོན་ཡོད།

ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཚེས་བརྒྱད་ཉིན་གསལ་བསྒྲགས་དེ་དང་ལེན་མི་བྱེད་ཅེས་བཤད། ཁོས་དེ་དང་མཉམ་དུ་མིན་ཏི་ཝེ་ཏི་ཡའི་རྐྱེན་སྲོལ་ལ་བསྟོད་བསྔགས་བྱས་པར་མ་ཟད། ཁོ་རང་ཉིད་ཀྱིས་རྐྱེན་སྲོལ་དེའི་ཁྲོད་དུ་ཞུགས་པའི་གྲ་སྒྲིག་བཟང་པོ་བྱས་ཏེ། རྒྱལ་ཁབ་ཀྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བཤད།

ཝེ་ནེ་ཙུའེ་ལའི་གྲོས་ཁང་གི་ཀྲུའུ་ཞི་ཀཱ་དབྱི་ཏོ་ཡིས་ཟླ་དང་པོའི་ཚེས་ཉེར་གསུམ་ཉིན་ངོ་རྒོལ་ཏང་གི་འདུ་ཚོགས་བྱ་འགུལ་ཞིག་གི་ཁྲོད་དུ་རང་ཉིད་ནི་ཝེ་ནེ་ཙུའེ་ལའི་གནས་སྐབས་ཀྱི་ཙུང་ཐུང་ཡིན་ཞེས་བསྒྲགས་པ་དང་། ཡང་བསྐྱར་འདེམ་བསྐོ་ཆེན་པོ་བསྡུ་དགོས་པའི་རེ་བ་བཏོན། ཨ་མེ་རི་ཁ་དང་ལཱ་ཏེན་མི་གླིང་གི་རྒྱལ་ཁབ་ཁ་ཤས་ཀྱིས་མྱུར་དུ་ཀཱ་དབྱི་ཏོ་ལ་རྒྱབ་སྐྱོར་བྱས། མཱ་ཏུའུ་ལོ་བཙན་གྱིས་སྲིད་སྟེགས་ལས་འབབ་ཏུ་འཇུག་ཆེད། ཨ་མེ་རི་ཁས་ཉེ་སྔོན་ཝེ་ནེ་ཙུའི་ལར་བཀག་སྡོམ་བྱེད་ཚད་ཇེ་དྲག་ཏུ་བཏང་། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཉེ་སྔོན་ད་དུང་ཝེ་ནེ་ཙུའེ་ལར་དམག་དོན་ཐེ་གཏོགས་བྱ་སྲིད་ནའང་ཐང་ཞེས་མངོན་གསལ་གྱིས་བསྟན་མྱོང་།