ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོས་དུས་རབས་ཉེར་གཅིག་པར་རྒྱལ་ཁབ་སོ་སོས་ལག་རྡང་སྦྲེལ་ནས་ཉེན་ཚབས་ཐག་གཅོད་དགོས་ཞེས་ནན་གྱིས་བསྟན།
2019.02.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་དྲུག་ཉིན་མུའུ་ཉི་ཧེའི་བདེ་འཇགས་གྲོས་ཚོགས་སྟེང་བཤད་རྒྱུར། དུས་རབས་ཉེར་གཅིག་པར་རྒྱལ་ཁབ་སོ་སོས་ལག་རྡང་མཉམ་སྦྲེལ་གྱིས་ཉེན་ཚབས་ཐག་དགོས་པ་ལས། བཀས་བཀོད་རྒྱུད་འཛིན་གྱི་དུས་རབས་དང་འཇམ་འཐབ་དུས་རབས་ཀྱི་འདུ་ཤེས་འཛིན་མི་རུང་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། འཛམ་གླིང་ཡོངས་མིག་སྔར་ཉེན་ཁའི་དུས་རབས་ཤིག་ཏུ་སྐྱོད་བཞིན་ཡོད་ལ། ཉེན་ཚབས་རྙིང་པར་བརྟེན་ནས་ཉེན་ཚབས་གསར་པ་འབྱུང་ཚད་ཀྱང་ཇེ་མཐོར་འགྲོ་བཞིན་ཡོད། ཁུལ་ཁོངས་ཚ་ཤོས་འགའ་ལ་མཚོན་ན། ཨུ་རུ་སི་ཟབ་ཞུགས་བྱེད་པ་ནི་གནས་བབ་གཏན་འཇགས་སུ་གཏོང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་མོད། མིག་སྔར་ཉེན་ཚབས་ཐག་གཅོད་པའི་ཐག་གཅོད་ཁ་ཤས་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱི་འདོད་བློ་མ་གཏོགས་མཚོན་ཐུབ་ཀྱིན་མེད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ས་ཁུལ་གྱི་བདེ་འཇགས་གྲོས་གཞིའི་སྐོར་གླེང་སྐབས་གལ་ཏེ་ཨུ་རུ་སི་གྲལ་དུ་མ་ཚུད་ན། ས་ཁུལ་གྱི་གཏན་འཇགས་ལ་ཕན་པ་མེད། དུས་རབས་ཉེར་གཅིག་པར་བཀས་བཀོད་རྒྱུད་འཛིན་གྱི་དུས་རབས་དང་འཇམ་འཐབ་དུས་རབས་ཀྱི་འདུ་ཤེས་བཟུང་ནས་གཞན་གྱི་འདོད་བློར་མ་ཉན་པ་མི་འགྲིག་པས། ལག་རྡང་མཉམ་སྦྲེལ་གྱིས་ཉེན་ཚབས་ཐག་གཅོད་འོས་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིས་བཏོན་པའི་ཡོ་རོབ་གླིང་དང་ཨེ་ཤ་ཡ་གླིང་གི་དཔལ་འབྱོར་མནའ་འབྲེལ་དང་ཀྲུང་གོས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་གཉིས་ག་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་པ་ཡོད་པ་དང་། དེས་ས་ཁུལ་གྱི་བདེ་འཇགས་གཏན་འཇགས་ལ་ཡར་སྐུལ་བྱེད་ཐུབ་ཟེར།

ཨུ་རུ་སི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་བའི་སྐོར་གླེང་སྐབས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨུ་རུ་སིས་སྟོབས་ལྡན་དང་རང་བཙན། སྒོ་འབྱེད་བཅས་ཀྱི་ཡོ་རོབ་གླིང་མནའ་འབྲེལ་ཞིག་ལ་རྒྱབ་སྐྱོར་བྱེད་པ་ཡིན་ཞེས་བཤད།