མའོ་ཁི་ཨར་གྱིས་མུའུ་ཉི་ཧེའི་བདེ་འཇགས་གྲོས་ཚོགས་སྟེང་ཕྱོགས་གཅིག་རིང་ལུགས་ཀྱི་ཕྱོགས་ལྷུང་ལ་ཉེན་བརྡ་བཏང་།
2019.02.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་བཅུ་དྲུག་ཉིན་མུའུ་ཉི་ཧེའི་བདེ་འཇགས་གྲོས་ཚོགས་སྟེང་དེང་སྐབས་འཛམ་གླིང་གི་ཕྱོགས་གཅིག་རིང་ལུགས་ཀྱི་ཕྱོགས་ལྷུང་ལ་ཉེན་བརྡ་བཏང་སྟེ། རྒྱལ་སྤྱིའི་མཉམ་ལས་ལ་བརྟེན་ནས་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཨ་མེ་རི་ཁའི་ཉོ་འཚོང་དང་བདེ་འཇགས་སོགས་ཀྱི་སྲིད་ཇུས་ལ་སྐྱོན་བརྗོད་བྱས།

མའོ་ཁི་ཨར་གྱིས་གཏམ་བཤད་སྐབས་བཤད་རྒྱུར། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་སུ་བཙུགས་པའི་རྒྱལ་སྤྱིའི་སྒྲིག་ལམ་དེ་གནོན་ཤུགས་ཆེན་པོར་འཕྲད་ཡོད་པ་དང་། བཅོས་སྒྱུར་བྱ་དགོས་ཡོད་མོད། ཡིན་ནའང་སྒྲིག་ལམ་དེ་གཏོར་གཏན་ནས་མི་རུང་། སྐབས་འདིའི་མུའུ་ཉི་ཧེའི་བདེ་འཇགས་གྲོས་ཚོགས་སྟེང་འཛམ་གླིང་རིས་བསྒྲིག་རྩེད་ཆས་ལྟ་བུ་ཞིག་ཏུ་འགྱུར་བཞིན་ཡོད་པ་དང་། འཛམ་གླིང་གིས་མཉམ་ལས་བྱས་ན་ད་གཟོད་རིས་བསྒྲིག་རྩེད་ཆས་དེ་ལེགས་པོར་བསྒྲིག་ཐུབ་པ་བསྟན་ཡོད་ཟེར།

མའོ་ཁི་ཨར་གྱིས་ཀྲུང་གོས་ཨ་ཧྥེ་རི་ཁ་གླིང་གི་འཕེལ་རྒྱས་ལ་རོགས་སྐྱོར་བྱས་པར་གཟེངས་བསྟོད་བྱས། ཁོ་མོས་བལྟས་ན་འཇར་མན་གྱིས་ཀྲུང་གོའི་ཉམས་མྱོང་དང་བྱེད་ཐབས་ལ་སློབ་སྦྱོང་བྱེད་དགོས་པར་འདོད། མའོ་ཁི་ཨར་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ལས་ཞུགས་ཀྱི་གོ་སྐབས་སྔར་ལས་མང་པོ་བསྐྲུན་ནས། ཨ་ཧྥེ་རི་ཁ་གླིང་གི་ན་གཞོན་རྣམས་ལ་རེ་བ་མཐོང་བར་བྱས་ཏེ། འཛམ་གླིང་གི་ཡུལ་སྤོར་པ་དང་ཡུལ་གྱར་པའི་གནད་དོན་རྩ་བ་ནས་ཐག་གཅོད་དགོས་པའི་འབོད་སྐུལ་བཏང་།

མའོ་ཁི་ཨར་གྱིས་དུང་དབྱི་ལང་གི་ཉིང་རྡུལ་གྲོས་ཆོད་སྲུང་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོ་མོས་ཀྱང་ཨ་མེ་རི་ཁས་སི་རི་ཡ་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་ཐག་གཅོད་ལ་དོགས་འདྲི་བྱས།

མའོ་ཁི་ཨར་གྱིས་ད་དུང་ཨ་མེ་རི་ཁས་འཇམ་འཐབ་ཀྱི་འདུ་ཤེས་བཅངས་ནས་ཨུ་རུ་སི་དང་འཇར་མན་གྱི་རང་བྱུང་སོལ་རླངས་སྦུག་ལམ་གྱི་ལས་གཞི་ལ་ལྟ་སྟངས་འཛིན་མཚམས་འཇོག་རྒྱུའི་འབོད་སྐུལ་བཏང་བ་དང་། ལས་གཞི་དེས་འཇར་མན་དང་ཡོ་རོབ་གླིང་ཨུ་རུ་སིའི་ནུས་ཁུངས་ལ་བརྟེན་ཚད་ཇེ་མཐོར་གཏོང་མི་སྲིད་ཅེས་བཤད།

མའོ་ཁི་ཨར་གྱིས་ཨ་མེ་ཁི་ཁས་འཇར་མན་གྱིས་ཨ་མེ་རི་ཁར་རླངས་འཁོར་ཕྱིར་གཏོང་བྱས་པ་དེ་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་འཇིགས་སྣང་དུ་བརྩིས་པར་སྐྱོན་བརྗོད་བྱས། ཁོ་མོས་བཤད་རྒྱུར། འཇར་མན་གྱི་རླངས་འཁོར་ཁ་ཤས་ཨ་མེ་རི་ཁ་ནས་བཟོ་བཞིན་ཡོད་ལ། པའོ་མཱ་ཀུང་ཟིས་ཨ་མེ་རི་ཁའི་ཁ་ལོ་ལའོ་ན་ལྷོ་མ་མངའ་སྡེ་ནས་རང་གི་ཆེས་ཆེ་བའི་ཐོན་སྐྱེད་འཁོར་ཁང་བཙུགས་ཡོད། གལ་ཏེ་འཇར་མན་གྱི་རླངས་འཁོར་ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་འཇིགས་སྣང་དུ་བརྩིས་ཚེ། ང་ཚོ་དངོས་ནས་ཧང་སངས་དགོས་པ་ཞིག་རེད་ཟེར།

སྐབས་འདིའི་མུའུ་ཉི་ཧེའི་བདེ་འཇགས་གྲོས་ཚོགས་ནི་ཚེས་བཅོ་ལྔ་ནས་ཚེས་བཅུ་བདུན་ཉིན་བར་ཚོགས་པ་དང་། ཚོགས་འདུར་ཞུགས་མཁན་ལྔ་བརྒྱ་ཙམ་ལ་བསླེབས། ཚོགས་འདུར་ཞུགས་པའི་འགོ་ཁྲིད་ཀྱི་གྲངས་ཀ་ལོ་རྒྱུས་སྟེང་གི་ཆེས་མཐོ་བའི་ཚད་དུ་བསླེབས། ཚོགས་ར་གཙོ་བོའི་བྱ་འགུལ་ལས་གཞན། ད་དུང་དེར་གཞོགས་འདེགས་ཀྱི་བྱ་འགུལ་བརྒྱ་ལྷག་སྤེལ་བ་དང་། དེ་དག་ནི་དྲ་རྒྱའི་བདེ་འཇགས་དང་ནུས་ཁུངས། རྒྱལ་ཁོངས་ལས་བརྒལ་བའི་འཇིགས་སྣང་། ཚན་རྩལ། ཡོ་རོབ་གླིང་གི་འགོག་སྲུང་ལས་དོན་སོགས་ཁྱབ་ཁོངས་མང་པོར་འབྲེལ་ཡོད།