ཀྲུང་གོའི་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁས་འགྲོ་མིའི་ཐོབ་ཐང་གནད་དོན་བེད་སྤྱད་དེ་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་། 
2019.03.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 68

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉིས་སྟོང་བཅོ་བརྒྱད་ལོའི་འགྲོ་མིའི་ཐོབ་ཐང་གི་སྙན་ཞུ་ལས་ཀྲུང་གོའི་འགྲོ་མིའི་ཐོབ་ཐང་གི་གནས་ཚུལ་ལ་ཡང་བསྐྱར་སྐྱོན་འཛུགས་བྱས་པར་དམིགས་ཏེ། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལུའུ་ཁང་གིས་ཚེས་བཅུ་བཞིའི་ཉིན་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་དོན་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཅིང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཕྱོགས་རིས་བསྐྱུར་ནས་དངོས་ཡོད་དང་མཐུན་པའི་སྒོ་ནས་ཀྲུང་གོའི་འགྲོ་མིའི་ཐོབ་ཐང་གི་གནས་ཚུལ་ལ་དྲང་བདེན་གྱི་ལྟ་སྟངས་འཛིན་དགོས་པ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་། 

ལུའུ་ཁང་གིས་ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱི་སྙན་ཞུ་ལས་ཀྲུང་གོར་འབྲེལ་བའི་ནང་དོན་དེ་སྔོན་ལོ་དང་འདྲ་བ་དང་། འདུ་ཤེས་འཛིན་སྟངས་ཀྱི་ཕྱོགས་རིས་ཡོད་ལ། དོན་དངོས་མ་བསམ་པ་དང་བདེན་རྫུན་གོ་ལྡོག་ནས། ཀྲུང་གོར་ཐལ་དྲགས་པའི་སྐྱོན་འཛུགས་སྣ་ཚོགས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དོན་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཟེར། 

ཁོས་བཤད་རྒྱུར། ཀྲུང་གོའི་སྲིད་གཞུང་གིས་འགྲོ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་སྐུལ་འདེད་གཏོང་བར་མཐོང་ཆེན་བྱེད་བཞིན་ཡོད། ཀྲུང་གོ་གསར་བ་དབུ་བརྙེས་པའི་ཚུན་དང་། ཁྱད་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་ལྷག་འགོར་བའི་རིང་། ཀྲུང་གོའི་འགྲོ་མིའི་ཐོབ་ཐང་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཀྲུང་གོའི་མི་དམངས་ལ་དེའི་ཐད་ཀྱི་གཏམ་བརྗོད་དབང་ཆ་ཡོད་པར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་གྲུབ་འབྲས་དེ་མིག་གིས་མཐོང་ཡོད། ཀྲུང་གོའི་མི་དམངས་མུ་མཐུད་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་ཞུགས་ཏེ། རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་བ་ལེན་ངེས་ཡིན་ཟེར།