རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ནོར་འཆུག་བྱུང་ནས་ཡེ་མིན་སྲིད་གཞུང་དམག་དཔུང་ལ་འགས་གཏོར་བཏང་། 
2019.03.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 58

ཡེ་མིན་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཉིན་དེར་ཡེ་མིན་བྱང་ཕྱོགས་ས་ཁུལ་དུ་ནོར་འཆུག་བྱུང་ནས་ཡེ་མིན་གྱི་སྲིད་གཞུང་དམག་དཔུང་ལ་འགས་གཏོར་བཏང་སྟེ། ཉུང་མཐར་ཡང་དམག་མི་བརྒྱད་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

མིང་བཤད་མི་འདོད་པའི་ཡེ་མིན་རྒྱལ་སྲུང་པུའུ་ཡི་དཔོན་རིགས་ཤིག་གིས་བཤད་རྒྱུར། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཉིན་དེའི་ཕྱི་དྲོར་ཡེ་མིན་བྱང་ཕྱོགས་ཀྱི་ཅོ་ཧྥུའུ་ཞིང་ཆེན་དུ་བར་སྣང་འཇབ་རྒོལ་ལས་འགན་ལག་བསྟར་བྱེད་སྐབས་ནོར་འཆུག་བྱུང་སྟེ་ཡེ་མིན་གྱི་སྲིད་གཞུང་དམག་དཔུང་ལ་འགས་གཏོར་བཏང་ནས། ཉུང་མཐར་ཡང་དམག་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་དམག་མི་ཉེར་གཉིས་ལ་རྨས་ཕོག་ཡོད་ཟེར། 

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ནོར་འཆུག་བྱུང་ནས་འགས་གཏོར་བཏང་བའི་ས་ཁུལ་དེ་ནི་རི་ཁུལ་ཅིག་ཡིན་པ་དང་། ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཉིན་འགའི་སྔོན་ཧུའུ་སེ་དྲག་ཆས་པའི་ལག་ནས་ས་ཁུལ་དེ་ཕྱིར་འཕྲོག་ལེན་བྱས་པ་རེད། མིག་སྔའི་བར་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་དོན་དེའི་ཐད་ནས་དཔྱད་བརྗོད་གང་ཡང་སྤེལ་མེད།