ཕཱ་ལེ་སི་ཐན་གྱིས་དབྱི་སི་རལ་གྱིས་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་རྒྱ་བསྐྱེད་བྱེད་པར་རྒོལ་གཏམ་བཏང་། 
2019.03.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 63

ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཚེས་བཅུ་དགུའི་ཉིན་དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་རྒྱ་བསྐྱེད་བྱེད་པར་རྒོལ་གཏམ་བཏང་། 

ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཨེ་ལོས་ཁཱ་ཐི་ཡིས་ཉིན་དེར་ཕཱ་ལེ་སི་ཐན་གྱི་འབོད་སྒྲ་ཞེས་པའི་རླུང་འཕྲིན་ཁང་ནས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་ནས་གཏན་སྡོད་ས་ཁུལ་འཛུགས་པའི་བྱ་སྤྱོད་ནི་རྒྱལ་སྤྱིའི་བཅའ་ཁྲིམས་ལ་འགལ་བའི་ནག་ཉེས་བྱ་སྤྱོད་ཅིག་ཡིན་པས། རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གིས་དོན་དེར་རྟོག་ཞིབ་བྱེད་དགོས་ཟེར། 

ཕཱ་ལེ་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་གཏན་སྡོད་ས་ཁུལ་གྱི་རྒྱ་བསྐྱེད་ཤུགས་ཚད་ཇེ་ཆེར་བཏང་ནས། ཕཱ་ལེ་སི་ཐན་གྱི་ས་ཁོངས་བཙན་བཟུང་འཕྲོག་ལེན་བྱས་ཟེར། གསལ་སྒྲོག་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་ཕཱ་ལེ་སི་ཐན་གནད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་གྲོས་ཆོད་གཞིར་བཟུང་ནས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ། རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་ཞི་བདེ་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་བཏང་། 

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བཅོ་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཕཱ་ལེ་སི་ཐན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཨ་རོས་ཨར་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་དུ་སྡོད་ཁང་བརྒྱད་བརྒྱ་དང་བཞི་བཅུ་གསར་དུ་ལས་རྒྱུ་ཡིན་ཟེར། ཨ་རོས་ཨར་གཏན་སྡོད་ས་ཁུལ་དུ་སྡོད་དམངས་ཁྲི་གཉིས་ཙམ་ཡོད་པ་དང་། དབྱི་སི་རལ་གྱི་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གཏན་སྡོད་ས་ཁུལ་ཆེན་མོ་བཞི་བ་རེད།